རང་ངོ་རང་གིས་མི་ཤེས་སྐྱོ་ལྷང་ལྷང་།
རལ་གྲི་སྒང་སྤེན་རྒྱལ། 2014-12-11
དེ་རིང་མགོ་བོ་མི་ཐེག་ན་བྱིང་བྱིང་། །
ལུས་ཀྱང་དགྱེ་སྒུར་མི་འདོད་ལྗིད་རྡིག་རྡིག །
བསམ་བཞིན་བསམ་ན་ཁོང་ཁྲོས་མེ་འབར་འབར། །
ཚང་མ་བཟོ་མཁན་སྦི་རག་ལྦུ་སོབ་སོབ། །
མདང་དགོང་དབུ་ཁྲིད་མཇལ་བས་དགའ་ལྷང་ལྷང་། །
ཁོང་རྣམས་མཉེས་ཆེད་ཞབས་ཏག་བརྒྱབ་ཤག་ཤག །
གླུ་དང་གར་ལ་མཁས་ཚུལ་འབྲུག་ལྡིར་ལྡིར། །
རང་ཉིད་འཇོན་ལུགས་འུར་གཏམ་ཡོས་འཐག་འཐག །
དབུ་ཁྲིད་གར་ཕེབས་ཤ་ལ་འབུ་འཁོར་འཁོར། །
དེ་ཡིས་གསུངས་ཚད་བདེན་ལུགས་མགོ་ལྕོག་ལྕོག །
གཡས་གཡོན་གང་ནས་བལྟས་ཀྱང་ཁྱི་འདྲ་འདྲ། །
ད་ལྟ་བསམ་ན་གདོང་ཡང་ཚ་བེར་བེར། །
ཁྱིམ་འཛིན་ཨ་མའི་རྣམ་འགྱུར་གྲང་ཤུར་ཤུར། །
ཁྱད་པར་བུ་ཡིས་མཐོང་དུས་མགོ་གཡུག་གཡུག །
ལས་གྲོགས་ཁྲོད་དུ་ལྐོག་ལབ་དི་རི་རི། །
ཐམས་ཅད་མ་བགྲོས་གཅིག་ཏུ་ཧང་སངས་སངས། །
ཚོད་མེད་ཆང་ལ་རོལ་བས་མགོ་འཐོམས་འཐོམས། །
མཆིན་པ་ཕོ་བའི་ནད་གཞིས་འདར་སིག་སིག །
བསམ་ཞིང་བསམ་ན་སྐྱོ་བས་དབུགས་རིང་རིང་། །
ཐབས་ཤེས་གང་ཡང་མ་རྙེད་ཡིད་མུག་མུག །
ཟླ་རེའི་གླ་ཡིས་མ་འཁྱོལ་ཁྱི་རྒྱུགས་རྒྱུགས། །
གང་སར་གཡར་བའི་དངུལ་བུན་ཆུ་འཇོ་འཇོ། །
འ་ཆད་འུ་ཐུག་ཐབས་ཤེས་གང་དྲག་དྲག །
མཐའ་མ་དཔོན་གནས་རག་ཆེད་འཚང་ཤིག་ཤིག །
མཐོན་པོའི་ཁས་བླངས་དམ་བཅའ་འཇའ་འདྲ་འདྲ། །
རྣམ་འགྱུར་གློ་བུར་བརྗེ་བ་གློག་འཁྱུག་འཁྱུག །
གང་ཡང་མ་རག་ལུས་ཡོངས་ན་ཡོར་ཡོར། །
ཆོ་མེད་སྤྲེལ་ལད་འདི་ནི་བྱབས་ཆུང་ཆུང་། །
རང་ངོ་རང་གིས་མ་ཤེས་ཡིད་མུག་མུག །
ལས་སློབ་གང་ལའང་མ་སྦྱངས་ངོ་གནོང་གནོང་། །
གཞན་ལ་འཁྲིལ་བའི་སྤྱོད་ཚུལ་ཁྱི་འདྲ་འདྲའི། །
ཚུལ་འཆོས་མ་དག་རྒྱང་དུ་དོར་ངེས་ངེས། །