སྙིང་གྲོགས།

བསྟན་འཛིན་ནོར་བུ།        2014-12-11

ལྷོད་མེད་ཆུ་འཛིན་བང་རིམ་མཁའ་ལ་བསྙེགས། །
དྲན་སྐུལ་རླུང་གི་འཕྲུལ་རྩལ་ལ་བསྟེན་ཏེ། །
གངས་ལྗོངས་རྩེ་མོར་གནས་བཅས་གྲོགས་ཀྱི་མཆོག །
ཕྱོགས་སུ་སྐྱོད་པ་ཁྲུང་ཁྲུང་དཀར་མོའི་སྤུན། །
 
དེ་རིང་གླིང་གར་སྤྲོ་བསང་ཞུགས་པའི་ཁྲོད། །
སྙིང་གྲོགས་ལྷན་འཛོམས་བཀྲ་ཤིས་དགུང་གི་ཉིན། །
ཁྱེད་ཉིད་དྲན་པས་གླེང་བ་ཟབ་གཞིག་ལས། །
གཟུགས་ཀྱི་དཀྱིལ་འཁོར་སེམས་ངོས་རྗེན་པར་འཆར། །
 
ཆུང་དུས་འཚོ་བ་རང་སྣང་གང་དྲན་ཁྲོད། །
ངེད་རྣམས་ལུ་གུ་འཚོ་བཞིན་མེ་ཏོག་འཐུས། །
ཟས་གོས་ཙམ་གྱི་ཆོག་ཤེས་འཛིན་དུས་སུ། །
ཕ་མ་གཅིག་པའི་སྤུན་མཆེད་ལས་ཀྱང་བྱམས། །
 
ཡུན་གྱིས་ན་ཚོད་གཞོན་ནུའི་དཔལ་བསྙེགས་ཏེ། །
སློབ་གྲྭའི་འཁོར་ཡུག་རྐང་པ་འཇོག་པའི་ཚེ། །
བཤེས་གཉེན་དམ་པའི་ཞལ་ཆབ་སྤྱོད་ཞོར་དུ། །
ཤེས་ཡོན་བསམ་པ་བརྗེ་རེས་གྲངས་མ་ཆད། །
 
སྔོན་ལས་བཙན་པོ་ཞིག་གིས་སྣ་འདྲེན་ཚེ། །
འགྲོགས་པའི་བསོད་དམན་སྟ་གོན་ལ་ཕྱོགས་ནས། །
མི་ཚེའི་དམིགས་ཡུལ་བསྙེག་ལམ་གཉིས་འཛིན་གྱིས། །
ལུས་པོ་སོ་སོར་གྱེས་པས་ཡུལ་གྱིས་བསྐལ། །
 
ཁྱེད་ནི་གངས་ལྗོངས་རྩེ་མོའི་ཡུལ་དུ་བཞུད། །
བདག་ཅག་མདོ་སྨད་ས་ཡི་ཐིག་ལེར་གནས། །
ལེ་དབར་སྟོང་གི་འཕྲེང་ཐག་ཆད་ན་ཡང་། །
དམར་ཆུང་སྙིང་དཀྱིལ་ནམ་ཡང་གསོན་ཤུགས་རྒྱས། །
 
སྐུ་ཚེའི་ཟླ་ཞུན་ལང་ཚོ་མཛེས་སྡུག་སྟོང་། །
བདེ་བར་བཅས་ཏེ་འཚོ་བ་དབྱར་མཚོའི་ཟླ། །
ཤེས་ཡོན་དབྱིངས་སུ་རྩལ་གྱིས་བགྲོད་པ་ཁྱེད། །
ཅི་བསམ་གེགས་མེད་ལྷུན་གྱིས་འགྲུབ་གྱུར་ཅིག །
  • ལེ་ཚན་སྔོན་མ།:རང་ངོ་རང་གིས་མི་ཤེས་སྐྱོ་ལྷང་ལྷང་།
  • ལེ་ཚན་རྗེས་མ།:རྗེ་བློ་བཟང་གྲགས་པའི་བློ་སྦྱོང་སྙན་ངག་སྒྲ་རྒྱན་བཞུགས་སོ།།