རྟགས་བརྒྱད་འཛོམས་པའི་བཀྲ་ཤིས་འཇོག ༼གླུ་ཚིག༽

སྐར་མ་དོན་གྲུབ།    ༢༠༡༣ལོའི་སྦྲང་ཆར་དེབ་གསུམ་པ།    2013-12-03

རྟགས་བརྒྱད་འཛོམས་པའི་བཀྲ་ཤིས་འཇོག  ༼གླུ་ཚིག༽
ངས་བཀྲ་ཤིས་འཇོག་ན་བཀྲ་ཤིས་འཇོག །
ངས་བཀྲ་ཤིས་དང་པོ་དགུང་ལ་འཇོག །
དགུང་ཨ་སྔོན་འཁོར་ལོ་རྩིབས་བརྒྱད་འཇོག །
སྐྱིད་ཉི་ཟླ་རྟག་པའི་བཀྲ་ཤིས་འཇོག །
 
ངས་བཀྲ་ཤིས་འཇོག་ན་བཀྲ་ཤིས་འཇོག
ངས་བཀྲ་ཤིས་གཉིས་པ་ས་ལ་འཇོག །
ས་དོག་མོ་པདྨ་འདབ་བརྒྱད་སྟེང་། །
འབྲུ་སྣ་ལྔ་འཛོམས་པའི་བཀྲ་ཤིས་འཇོག །
 
ངས་བཀྲ་ཤིས་འཇོག་ན་བཀྲ་ཤིས་འཇོག །
ངས་བཀྲ་ཤིས་གསུམ་པ་ཁམས་འདིར་འཇོག །
ཁམས་ཞི་བདེ་དུང་དཀར་གཡས་འཁྱིལ་སྒྲ། །
དུས་རྟག་ཏུ་གྲགས་པའི་བཀྲ་ཤིས་འཇོག །
 
ངས་བཀྲ་ཤིས་འཇོག་ན་བཀྲ་ཤིས་འཇོག །
ངས་བཀྲ་ཤིས་བཞི་པ་གནས་འདིར་འཇོག །
གནས་སྐྱེ་འགྲོའི་བསྟན་པའི་རྒྱལ་མཚན་དེ། །
དུས་ནམ་ཡང་སྒྲེང་བའི་བཀྲ་ཤིས་འཇོག །
 
ངས་བཀྲ་ཤིས་འཇོག་ན་བཀྲ་ཤིས་འཇོག །
ངས་བཀྲ་ཤིས་ལྔ་པ་ཕྱི་ལ་འཇོག །
ཕྱི་སྣོད་ཀྱི་བུམ་པའི་ནང་བཅུད་ལ། །
དཀར་འོ་མས་གང་བའི་བཀྲ་ཤིས་འཇོག །
 རྟགས་བརྒྱད་འཛོམས་པའི་བཀྲ་ཤིས་འཇོག  ༼གླུ་ཚིག༽
ངས་བཀྲ་ཤིས་འཇོག་ན་བཀྲ་ཤིས་འཇོག །
ངས་བཀྲ་ཤིས་དྲུག་པ་ནང་ལ་འཇོག །
ནང་གཞི་མགྲོན་གསེར་ཉ་ཁ་སྤྲོད་ལ། །
བགེགས་བར་ཆད་མེད་པའི་བཀྲ་ཤིས་འཇོག །
 
ངས་བཀྲ་ཤིས་འཇོག་ན་བཀྲ་ཤིས་འཇོག །
ངས་བཀྲ་ཤིས་བདུན་པ་ཁྲོམ་ལ་འཇོག །
ཁྲོམ་ན་ཟླ་དཔལ་བེའུ་རི་མོ་ལ། །
སེམས་གཅིག་མཐུན་ཡོང་བའི་བཀྲ་ཤིས་འཇོག །
 
ངས་བཀྲ་ཤིས་འཇོག་ན་བཀྲ་ཤིས་འཇོག །
ངས་བཀྲ་ཤིས་བརྒྱད་པ་ཁྱིམ་འདིར་འཇོག །
ཁྱིམ་སྐྱིད་པོ་གདུགས་ཀྱི་གུར་ཁང་ནང་། །
བཟའ་མགོ་ལུས་འཛོམས་པའི་བཀྲ་ཤིས་འཇོག །
 
ངས་བཀྲ་ཤིས་འཇོག་ན་བཀྲ་ཤིས་འཇོག །
ངས་བཀྲ་ཤིས་གངས་རིའི་ཡུལ་ལ་འཇོག །
བོད་གངས་ཅན་དར་བའི་རྟེན་འབྲེལ་ལ། །
རྟགས་བརྒྱད་པོ་ཚང་བའི་བཀྲ་ཤིས་འཇོག །
 
  • ལེ་ཚན་སྔོན་མ།:ཕ་ཡུལ་ལ་བཅངས་བའི་བརྩེ་སེམས།
  • ལེ་ཚན་རྗེས་མ།: གྲོང་ཁྱེར་ནས་བདག་གིས་འདི་ལྟར་ཕ་ཡུལ་དྲན།