ཕ་ཡུལ་ལ་བཅངས་བའི་བརྩེ་སེམས།

གླིང་བུ་ཚེ་རིང་དོན་གྲུབ།        2013-12-02

 གངས་དཀར་པོས་ཤེལ་གྱི་མཆོད་རྟེན་བསྒྲིགས།
    ང་གངས་ཕྲུག་གངས་རིའི་འདབས་ནས་སྐྱེས། །
    སྤང་སྔོན་མོ་རྟ་ནོར་ལུག་གིས་བཀང་། །
    ང་འབྲོག་ཕྲུག་ལུ་གུའི་རྩེད་རོགས་ཡིན། །
    ཞིང་ཆུ་མར་ལོ་ཏོག་སྙེ་མ་ལྡེམ། །
    ང་རོང་ཕྲུག་ཕ་མའི་རྒྱན་ཆ་ཡིན། །
    བློ་རིག་པའི་རྩལ་གྱི་སྒོ་མོ་ཡིས། །
    སེམས་ལོག་རྟོག་མུན་པའི་འགག་རྩ་གཏོར། །
    གཤིས་ཡ་རབས་མ་བཅོས་རྒྱུད་བཟང་གིས། །
    དོན་བདེན་པའི་འཚོ་བ་ཉམས་སུ་མྱོང་། །
    ཆུ་གཙང་བོ་གངས་ཅན་རི་ནས་བྱུང་། །
    ཉ་གསེར་མིག་དྭངས་གསལ་མཚོ་ལ་བརྟེན། །
    གངས་དཀར་བོ་དྲིན་ཆེན་ཕ་མ་འདྲ། །
    ང་གངས་ཕྲུག་དྭངས་གཙང་ཆབ་ཀྱིས་གསོས། །
    འབྲོག་རྩྭ་ཐང་དྲིན་ཆེན་ཕ་མ་འདྲ། །
    ང་འབྲོག་ཕྲུག་ཤ་མར་ཐུད་ཀྱིས་འགྲངས། །
    ཞིང་ཆུ་མ་དྲིན་ཆེན་ཕ་མ་འདྲ། །
    ང་རོང་ཕྲུག་འབྲུ་རིགས་སྣ་ལྔས་བསྐྱངས། །
    མ་སེམས་ཅན་རང་གི་ཕ་མར་འཛིན། །
    ལས་རྒྱུ་འབྲས་ཁོག་པའི་སྙིང་ནས་བརྩི། །
    ངའི་ཕ་ཡུལ་གངས་རིའི་ཞིང་ཁམས་ཡིན། ། །
    མི་སྐྱེ་བོ་ཀུན་གྱི་སྨོན་ས་ཡིན། །
    གཏེར་མང་པོས་ས་འོག་གང་ནས་ཡོད། །
    རྒྱུ་མང་པོས་ས་སྟེང་ཁྱབ་ནས་ཡོད། །
    ང་གངས་རིའི་ཞིང་དུ་སྐྱེས་པ་ལ། །
    ལས་བསོད་ནམས་སྟོང་གི་སྐལ་བ་ལྡན།།
    ཕྱོགས་ངེས་མེད་འགྲིམས་པའི་ཐ་མ་ལ། །
    ང་བུ་ཆུང་རྒྱལ་ཐང་གྲོང་ན་བསྡད། །
    ཡུལ་སྐྱིད་པོ་སེམས་ཀྱི་ཉི་ཟླ་རེད། །
    མིང་སྙན་གྲགས་གླིང་ལྔའི་ཁྱོན་ན་ལྡིར། །
    གནས་མཚར་ཅན་འཇོལ་ཡུལ་ལུང་པ་རེད། །
    གངས་ཁ་བ་དཀར་བོ་ཁམས་ཀྱི་ཏོག།
    ཡུལ་བྱིན་ཅན་འབའ་ལུང་མཐའ་ཆུ་རེད། །
    ཕ་དམ་པ་སངས་སུ་རྒྱས་པའི་གནས། །
    ང་རེབ་གོང་བུ་ཆུང་འདི་ན་འཚོ། །
    ཁམས་རྒྱལ་ཐང་ཡུལ་ལ་ལས་འབྲེལ་བྱུང་། །
    ས་སྐྱིད་པོ་ཉི་ཟླའི་ཞིང་ཁམས་ནས། །
    ཡུལ་རེ་སྐོང་སེམས་ལ་དྲན་བཞིན་ཡོད། །
    འདི་གསེར་ལྗོངས་སེམས་ལ་དྲན་དྲན་ནས། །
    ཡུལ་རྒྱལ་ཐང་གྲོང་གི་མཛེས་པ་བརྗེད། །
    དྲིན་ཕ་མ་སེམས་ལ་དྲན་དྲན་ནས། །
    ཁམས་བུ་མོའི་ལང་ཚོའི་འཇོ་སྒེག་བརྗེད། །
    དུས་དེ་རིང་དྲུག་པའི་ཀླུ་རོལ་རེད། །
    ཡུལ་མི་དྲན་རང་དབང་གང་ན་ཡོད། །
    ཟས་ཞིམ་པོ་ལོ་སར་ཚེས་གཅིག་ཟ། །
    གོས་ཡག་པ་དྲུག་པའི་ཀླུ་རོལ་གྱོན། །
    ཁྱིམ་དྲོན་མོའི་ཐབ་ཀའི་གོང་རོལ་ན། །
    དྲིན་ཕ་མ་དགའ་ན་དགེ་བ་ཡིན། །
    དྲིན་ཕ་མའི་གམ་ན་བུ་ཕྲུག་སྐྱིད། །
    བུ་བུ་མོ་ཚེ་ཐག་རིང་ལེ་ཡིན། །
    ཡུལ་ཕ་མ་དྲན་པའི་གདུང་བ་དེ། །
མགྱོགས་བང་རྩལ་མྱུར་བའི་རླུང་ལ་བསྐུར། །
    དགུང་ཨ་སྔོན་དབྱིངས་ཀྱི་བྱ་རྒྱལ་རྒོད། །
    གཅོད་ནམ་འཕང་ཡོད་ན་ང་ལ་གཡོར། །
    ལྡེམ་འཕུར་ཤུགས་རྩལ་གྱི་གཤོག་ཟུང་གིས། །
    རི་སྟོང་ཕྲག་འཕྲུལ་གྱིས་བརྒལ་རྩིས་ཡོད། །
    སྐད་སྙན་མོ་ལྷ་བྱ་ཁུ་བྱུག་ལགས། །
    ངག་བདེ་མོ་ཡོད་ན་ང་སྩོལ། །
    ལུས་ལྟེ་ཁྲག་འཕོ་སའི་ཕ་ཡུལ་ལ། །
    གླུ་སྙན་མོའི་མཆོད་པ་ལན་གསུམ་འབུལ། །
    ཡུལ་སྲུང་མ་མྱོས་པའི་ཕྱག་ཅིག་འཚལ། །
    གནས་གཞི་བདག་དགའ་བའི་བསང་ཞིག་གཏོང་། །
    དྲིན་ཕ་མ་སྐྱིད་པའི་བྲོ་ཞིག་འཁྲབ། །
    ནང་ན་ཟླ་འཛོམས་པའི་གླུ་ཞིག་ལེན། །
    རྒན་མགོ་དཀར་ལོ་ལོན་ཚེ་ཐག་རིང་། །
    གཞོན་སོ་དཀར་འདབ་ལག་རྒྱས་པར་ཤོག །
    ཞིང་ཆུ་མའི་བར་ནས་ཀི་ཞིག་འདེབས། །
    རོགས་ཆུང་ལོ་དྲན་པའི་འབོད་བརྡ་ཡིན། །
    ངག་བདེ་མོ་མེད་ཀྱང་གླུ་ཆུང་འདི། །
    ཡུལ་ཕ་མར་ཕུལ་བའི་ལེགས་སྐྱེས་ཡིན། །
  • ལེ་ཚན་སྔོན་མ།: རེ་འབོད་སྙིང་གི་འཕར་སྒྲ།
  • ལེ་ཚན་རྗེས་མ།:རྟགས་བརྒྱད་འཛོམས་པའི་བཀྲ་ཤིས་འཇོག ༼གླུ་ཚིག༽