རེ་འབོད་སྙིང་གི་འཕར་སྒྲ།

གཉན་སྲས་འབྲོང་ཕྲུག        2013-12-02

    ཕྱག་ན་རྒྱུད་མང་གི་མཚན་ཅན༎
    ཡིད་འོང་ཚངས་པ་ཡི་སྲས་མོ༎
    བཅོས་མིན་དད་པ་ནི་མཐོ་བས༎
    བུ་ལ་བྱིན་རླབས་ཤིག་གནང་རོགས༎
    མཐོང་ཐོས་དྲན་པ་ལས་བྱུང་བའི༎
    ཡིད་ཀྱི་མྱོང་སྣང་དང་ན་ཟུག །
    ཡི་གེའི་གཟུགས་རིས་ལ་ཕབ་པར༎
    ཉིད་ཀྱིས་རམ་འདེགས་ཤིག་གནོང་དང་༎
    སྐྱེས་དུས་འོ་མ་ལ་སྲེད་ཅིང་༎
    འཆི་ཁར་འཇིག་རྟེན་ལ་ཆགས་པའི༎
    འདོད་པ་འདྲ་མིན་ཞིག་ཡོད་ཀྱང་༎
    སྒེར་སེམས་རལ་གྲི་ལ་མ་འཐམས༎
    མ་ཐོབ་ཞེན་པ་ཡི་མེ་འབར༎
    ཐོབ་ན་ཞེན་ཁ་ཡི་མཚོ་འཁྲུག །
    དགའ་སྐྱོ་འཁོར་ལོ་ཡི་རང་བཞིན།།
    ཀུན་ཕན་བདེ་སྐྱིད་ཀྱི་གཞི་མཆོག །
    ཟླུམ་གཟུགས་གོ་ལ་ཡི་ཁྱོན་ན༎
    བརྒྱ་ཚོགས་སྟོང་འདུས་ཀྱི་གསེབ་ན༎
    དྲང་བདེན་གསེར་ཁྲི་ཡི་སྟེང་ན༎
    རུས་མེད་དཔོན་པོ་ཞིག་བཞུགས་ན༎
    རྒྱུ་འབྲས་ཁ་ཆུ་བཞིན་དོར་ནས༎
    རྒྱུ་ནོར་ཧམ་ཟ་ལ་རེམ་པའི༎
    རྒྱུ་ཅན་ཀླ་ཀློ་ཡི་ཚོགས་ཀྱི༎
    རྒྱུ་ལམ་ཁྲིམས་ཁང་ལ་འཐེན་ན༎
    ལང་ཚོའི་འཁྲི་ཤིང་དེ་སྨིན་ནས༎
    འབྱོར་བའི་མཚོ་མོ་ཡང་ལྟེམས་དུས༎
    ཕ་མ་གད་སྙིགས་དུ་རློམ་པའི༎
    མཐོ་རིམ་སྲོག་ཆགས་དག་བཟུང་ན༎
    རིག་གནས་ཆུ་ཐིགས་ཙམ་འཐུང་རྗེས༎
    སྲོལ་རྒྱུན་ཆུ་གཏེར་ལ་འཕྱ་བའི༎
    རང་མཐོང་མགོ་འཕང་ནི་མཐོ་བའི༎
    ཁྲོན་པའི་སྦལ་བ་གང་བསྐྱང་ན༎
    རང་གི་ཁེ་ཕན་ལ་བསམས་ནས༎
    སྲོག་འཇོམས་ཟས་རིགས་ཀྱི་ཕུང་བོ༎
    གཞན་གྱི་ཕོ་བ་རུ་རྫོངས་མཁན༎
    སྡིག་ཅན་ཤན་པ་དེ་བཀྱིགས་ན༎
    སྤྲ་དང་སྲིན་མོ་ལས་མཆེད་པས༎
    ཤ་རུས་ཁྲག་རྒྱུད་ཀྱང་གཅིག་རུང་༎
    རོང་བ་འབྲོག་པ་རང་ཟེར་ནས༎
    ཕྱོགས་འཛིན་རྒྱ་ཁྱི་ཚོ་བཏགས་ན༎
    མདོ་དབུས་ཁམས་གསུམ་པོ་ཁྱིམ་གཅིག །
    དད་པའི་ཁ་ཕྱོགས་ལ་དབྱེར་མེད༎
    ས་ཕྱོགས་རང་ལུགས་ལ་མོས་པའི༎
    ཕུང་དཀྲུག་བདུད་མོ་དག་དོར་ན༎
    ཀུན་ཡིད་འགོག་མེད་དུ་འཕྲོག་ཅིང་།།
    བདེ་འབྱུང་མཛེས་ལྡན་གྱི་ཁོར་ཡུག །
    དོན་མེད་བརྐོ་སློག་ལ་རེམ་པའི༎
    མ་རུང་སྲིན་པོའི་འཁོར་སྤྲད་ན༎
    ཕ་མའི་ཕྱག་ཟུང་གི་སེར་གའི༎
    ཁྲག་གིས་རླན་པ་ཡི་ཤོག་སྒོར༎
    ཤོ་དང་ཨ་རག་ལ་སྟིམ་མཁན༎
    བུ་ཕྲུག་འུག་པ་ཚོར་སྐུལ་ན༎
    མདོར་ན་སྙན་མོ་ཞིག་མིན་ཡང་༎
    དོན་ལ་མནོ་བསམ་ཞིག་བཞེས་རོགས༎
    ཡིད་འདི་མྱོས་བྱེད་ཀྱིས་བསླུས་ནས༎
    གང་བྱུང་ལབ་པ་ནི་མ་ཡིན༎
    ཤ་རུས་གཅིག་པ་ཡི་ཚོགས་ལ༎
    ཤ་ཞེན་མི་ཆུང་བ་ཡོད་པས༎
    ཤ་ཁྲག་འདུས་བྱས་ཀྱི་ཕུང་བོས༎
    ཤ་ཚས་ཞབས་ཞུ་ལ་འབད་དོ༎
  • ལེ་ཚན་སྔོན་མ།:སྐྱེ་བའི་དོན་པོ།(གླུ་ཚིག)
  • ལེ་ཚན་རྗེས་མ།:ཕ་ཡུལ་ལ་བཅངས་བའི་བརྩེ་སེམས།