དགེ་རྒན་དུས་ཆེན་ལ་བྲིས།
དུས་གསར་འཕྲུལ་གྱི་རླུང་ཤེད་རྒྱས་པའི་སྐབས། །
མི་གཡོ་རྩེ་གཅིག་གདོད་མའི་སྦྲ་ཁྱིམ་དུ། །
དཀར་ནག་ཕྱུགས་ཀྱི་རྨིག་རྗེས་འཚོལ་བའི་བུར། །
ཤེས་རབ་འོད་ཀྱི་མིག་ཟུང་ཁྱེད་ཀྱིས་སྦྱིན། །
རང་རིགས་སྟོབས་རྩལ་དར་བའི་ས་བོན་དུ། །
གངས་ཕྲུག་སྟོང་གི་མདུན་ལམ་རྔུལ་ཆུས་བཀྲུས། །
བཙན་པའི་སྟོབས་ཀྱིས་བསྐྱེད་པའི་འཇིག་རྟེན་འདི། །
ཁྱོད་དང་ང་ལ་དབང་ཞེས་ནན་གྱིས་གསུངས། །
སྒོ་སམ་གྲུ་གཞིའི་སྟེང་གི་ཡིག་འབྲུ་འབུམ། །
ས་ལམ་རིམ་བར་བྲིས་པའི་ཐེམ་སྐས་ཉིད། །
ས་སྨྱུག་འཛད་པའི་ཐལ་རྡུལ་སྐྱ་བོ་ཡིས། །
གང་གི་མི་ཚེ་བཅོམ་པ་སུ་ཡིས་རྟོགས། །

གཞུང་ཞབས་ཚོན་པོའི་ཁེ་དབང་ཁྱེད་ལ་མེད། །
རྒྱུ་འབྱོར་ནོར་གྱི་ཁུར་ཁུག་སྟོང་ན་ཡང་། །
མ་འོངས་གངས་ལྗོངས་གསར་པའི་འཛུགས་སྐྲུན་ལ། །
ཁྱེད་ལས་རླབས་ཆེན་གང་ཟག་སུ་ཡོད་དམ། །
གསེར་ཁྲི་སེར་པོའི་སྟེང་གི་བླ་སྤྲུལ་མིན། །
མཆོད་བཀུར་འབུལ་བ་མོད་པའི་ཨ་མཆོད་མིན། །
ལུས་སྲོག་ལང་ཚོ་སྒྲོན་པའི་ཉི་མ་ཁྱེད། །
བསམ་མེད་སློབ་ཕྲུག་སྟོང་གི་མ་ཡུམ་ལགས། །
ཤེས་རིག་འོད་སྟོང་འགྱེད་པའི་མཚན་མོའི་མགོན། །
བླང་དོར་ལེགས་ཉེས་སྟོན་པའི་ས་མཁན་མཆོག །
བྱམས་བརྩེ་དྲིན་གྱིས་སྐྱོང་མཁས་ཕ་དང་མ། །
བཤེས་ཁྱེད་བློ་མིག་ལྡན་པ་སུ་མི་གུས། །
གཉིད་དང་རྨི་ལམ་འཇམ་པོའི་འཕྲོ་བཅད་དེ། །
ཉིན་བཞིན་ཐོག་མའི་སྐྱ་རེངས་ཁྱེད་ཀྱིས་བསུས། །
གཞན་དག་ཁྱིམ་ན་མཚན་ཟས་གསོལ་སྐབས་ཀྱང་། །
ཉིད་ཀྱི་འཆད་ཁྲིད་སྐད་གདངས་གནམ་ལས་མཐོ། །
ཆེན་པོའི་འཇིག་རྟེན་འདི་ཡི་གྲུ་ཟུར་རེར། །
དམར་པོའི་མེ་ལྟར་འབར་བའི་མཆོད་མེ་ཞིག །
སྣང་བའི་འོད་རླབས་འགྱེད་པའི་ཚུལ་མཐོང་ནས། །
མི་བུའི་བླ་སྲོག་གསོ་བའི་སྨན་དུ་བསྔགས། །
མ་བཅོས་ལྷག་བསམ་ཟུངས་ཁྲག་དྲོན་མོའི་རྒྱུན། །
བདག་ཅག་སློབ་བུའི་ལང་ཚོའི་དཔལ་དུ་ལུད། །
གང་སྲོག་གསེར་གྱིས་བསྐྲུན་པའི་རྣམ་ཤེས་དག །
དབང་ཕྱོགས་ས་འཛིན་སྤོ་ན་དལ་གྱིས་འཛུམ། །