ང་ཕ་ཡུལ་དུ་ལོག་རན།

ཁྲི་སེམས་དཔའ།    ༢༠༡༢ལོའི་སྦྲང་ཆར་དེབ་དང་པོ་ལས་བདམས།    2013-06-19

ང་ཕ་ཡུལ་དུ་ལོག་རན།
ཕ་ཡུལ་གྱི་མཛེས་པའི་རི་བོ་ནི་བདག་གི་སྤུན་ཟླ་ཡིན།
རི་བོ་སྔར་བཞིན་རྔམ་ཞིང་བརྗིད།
ང་ཕ་ཡུལ་དུ་ལོག་རན།
ཕ་ཡུལ་གྱི་དྭངས་པའི་གཙང་བོ་ནི་བདག་གི་མཛའ་མོ་ཡིན།
གཙང་བོ་སྔར་བཞིན་ལྷུང་ལྷུང་འབབ།
 
ང་ཅིས་ཀྱང་ཕ་ཡུལ་དུ་ལོག་རན། སྟོན་རླུང་གི་བསིལ་ཤ་རྒྱབ་ལ་ཁུར་ནས།
གང་སར་བྲུལ་པའི་སྡོང་ལོའི་སྟེང་རྡོག་པས་ཧྲག་ཧྲག་ཏུ་སྤོ་བཞིན།
ནག་ནོག་གིས་ཟིན་པའི་སེམས་པ་བསིལ་ཆར་གྱིས་གཙང་མར་བཀྲུས་ཏེ།
ཕ་ཡུལ་གྱི་རུ་ཁ་ཁྱིམ་མཚེས་ལ་འཚམས་འདྲིར་འགྲོ།
ཕ་ཡུལ་གྱི་ཕུ་ནུ་མིང་སྲིང་ལ་འཇལ་དུ་འགྲོ།
 
ཕ་ཡུལ་གྱི་ཞོགས་པ།  ཕ་མེས་ཀྱི་ཞོགས་པ། བྱ་བྱིའུ་འབའ་འབུ་ཡི་ཞོགས་པ།
བདག་གི་གྲོང་ཚོ་ཆུང་ཆུང་། ར་ལུག་གི་འབའ་སྒྲའི་ཁྲོད་ནས་སད།
ཉི་མའི་རྟ་མཆོག་ཀ་རག་བྱུགས་པའི་ལོ་མང་གི་མཁར་གྱང་སྟེང་དུ་གསེར་མདོག་གིས་འཕྲོས་པ་ན།
འོད་ཀྱིས་བསྐྱུགས་པའི་གྲོང་ཚོ་སྟོན་མཇུག་གི་ལོ་འདབ་གསེང་དུ་མེ་རུ་འབར། 
ཕ་ཡུལ་གྱི་ཞོགས་པར། དྭངས་གཙང་གི་མཁའ་དབུགས་ཁྲོད་དུ།
བསང་དུད་ལང་ལོང་། ལང་ལོང་ངང་ལྷ་ཚོགས་ཀྱི་ཞིང་དུ་འདྲེན།
བྱིའུ་སྐད་ཀྱུར་ཀྱུར། བྱིའུ་སྐད་ཀྱུར་ཀྱུར་ངང་བདག་སེམས་ཀྱི་སྐྱིད་དུ་བབས།
 
ང་ཕ་ཡུལ་དུ་ལོག་རན།
ཕ་ཡུལ་གྱི་རྣམ་མཁའི་འོག་ཏུ་བདག་གི་དྲན་པ་ནི་ཤོག་དཀར་བཞིན་དྭངས་ཤིང་གཙང་།
ང་ཕ་ཡུལ་གྱི་མཚན་ཀློང་དུ་འཛུལ་ནས།
འོད་འཚེར་བའི་སེམས་དོན་གྱི་ཕྲེང་བ་སྐར་ཚོགས་ཀྱི་མགུལ་དུ་བསྐོན་ཅིང་།
ཁུ་སིམ་གྱི་དཀྱིལ་སྙིང་ནས་ཁ་སིམ་གྱི་ཁུ་སིམ་ལ་ཉན་འདོད། ཁུ་སིམ་གྱི་ང་རོ་ལ་ཉན་འདོད།
 
ང་ནི་རྒྱང་བཞུད་ཀྱི་བུ་ཆུང་སྟེ། ང་ཕ་ཡུལ་གྱི་རི་སྒང་དུ་འགྲེང་སྟེ་ཟླ་འོད་འོག་གི་གྲོང་ཚོར་བལྟ་འདོད།
རུ་བར་དུ་སྡོམ་རྒྱ་བཞིན་ཀྱག་ཀྱོག་ཏུ་འཐེན་པའི་རྐང་ལམ་དེ་དག
བདག་གི་བྱིས་དུས་ཀྱི་ལོ་ཟླ་གསལ་བའི་ས་བཀྲ་ཡིན།
ཀྱེ། བདག་གི་ཕ་ཡུལ། ངས་རང་གི་ཕུང་བོ་ཁྱེད་ཀྱི་རི་སྒང་དུ་བསྐམས་ནས།
རྣམ་ཤེས་ཀྱི་གོམ་སྟབས་བྱིས་དུས་ཀྱི་རྩེད་རར་བསྒྱུར་འདོད།
 
ཕ་ཡུལ་དུ་འགྲོ་ཡ།  ཕ་ཡུལ་དུ་ས་འདམ་གྱི་དྲི་ངད་སྣོམ་དུ་འགྲོ།
དྲི་ངད་དེ། ས་འདམ་ནང་གློ་ཉལ་བྱེད་པའི་ཡུལ་མི་ཚོའི་ལོངས་སྤྱོདབ་ཡིན།
མིག་མེད་གྲོག་མས། ས་འདམ་གྱི་དྲི་ངད་སྣོམ།
ལྗང་སྨྱུག་ཕྲ་མོས། ས་འདམ་གྱི་དྲི་ངད་སྣོམ།
ཆུ་རྩེད་ལ་རོལ་པའི་བྱིས་པས་ཀྱང་། ས་འདམ་གྱི་དྲི་ངད་སྣོམ།
དེ་བོང་བུ་དང་གླང་རྒན་ལ་དབང་། དེ་རེའུ་ལ་དབང་། དེ་སོ་ནམ་པར་དབང་། དེ་ཞིང་གྲོང་ལ་དབང་།
 
དེ་ཤར་ནས་ནུབ་ཏུ་ལྡང་། ལྷོ་ནས་བྱང་དུ་ལྡང་།
དེ་ཕ་ཡུལ་གྱི་ཕྱོགས་མཚམས་ཀུན་ཏུ་ལྡང་།
དེ་ནམ་ཡང་བདག་གི་སེམས་ཁོང་ན་ལྡང་ཨང་།
 
ང་ཕ་ཡུལ་དུ་ལོག་རན། ཅིས་ཀྱང་ཕ་ཡུལ་དུ་ལོག་རན།
ཕ་ཡུལ་ཁོ་ན་ནི་བདག་གི་མེས་རྒྱལ་དང་། བདག་གི་དྲན་ཞིང་། བདག་གི་རྣམ་ཤེས་ཀྱི་ལོག་ལམ་ཡིན། 
  • ལེ་ཚན་སྔོན་མ།:ཆུང་མ་གཉིད་ཟིན། ངས་སྙན་ངག་འབྲི་བཞིན་ཡོད།
  • ལེ་ཚན་རྗེས་མ།:ས་སྲོས་ཀྱི་དྲན་གླུ།