ལྷག་བསམ་དྲི་ཟའི་རོལ་མོ།(3)
གཅོད་པ་དོན་གྲུབ། 2012-08-16
ཡོན་ཏན་ཅན་གྱིས་ནམ་རྒྱུན་ཤེས་བྱ་དག །
བསྡུ་བའི་སླད་དུ་འབད་འབུངས་ལྷོད་མེད་བྱ། །
ཡོན་ཏན་མེད་པས་དུས་རྒྱུན་རྒྱུ་ནོར་སོགས། །
བསྡུ་བའི་ཕྱིར་དུ་སྲོག་དང་བསྡོས་ནས་འབད། །
ཤེས་ལྡན་མི་སྣ་ཡུལ་ཁམས་གང་དུ་ཡང་། །
འགྲིམས་ཀྱང་ཆེ་བཀུར་ཆུང་གཅེས་བྱམས་སེམས་ལྡན། །
ཀླད་མེད་ངན་པ་ཡུལ་ཕྱོགས་སོ་སོ་རུ། །
བགྲོད་ཀྱང་གཏུམ་སྤྱོད་དྲག་པའི་ཤུལ་རྗེས་ལུས། །
རྒྱུད་བཟང་ཤེས་རབ་ལྡན་པའི་སེམས་ཅན་གྱིས། །
སེམས་རྒྱུད་དྲང་བའི་སྐྱེ་བོའི་ཡོན་ཏན་ཤེས། །
ཀུན་སློང་ངན་པའི་གང་ཟག་མཐའ་མ་ཡིས། །
བཟང་པོའི་ཡོན་ཏན་རྟོགས་པའི་ཐབས་མ་མཆིས། །
ཤེས་བྱའི་ཡོན་ཏན་ཡོངས་ཀྱི་ཆེ་བ་རྣམས། །
ཁོ་བོས་ལྕེ་བརྒྱ་སྤྲུལ་ནས་བརྗོད་ན་ཡང་། །
འཛད་མཐའ་མེད་པ་སུས་ཀྱང་མཁྱེན་པས་ན། །
བློ་ངོར་གང་ཤར་ཙམ་ཞིག་བཀོད་པ་ལགས། །