ལྷག་བསམ་དྲི་ཟའི་རོལ་མོ།(2)
གཅོད་པ་དོན་གྲུབ། 2012-08-16
ཟས་ཀྱང་ཁམ་གང་ཁམ་གང་ཟ་བ་ལས། །
ལྟོ་ཐེངས་གཅིག་གིས་ལུས་སྟོབས་རྒྱས་མི་སྲིད། །
ཞོ་དང་འོ་མ་ཞིམ་པོ་འཐུང་འདོད་ན། །
འབྲི་མོ་བ་མོ་གསོ་སྐྱོང་ལེགས་པོ་དགོས། །
ཁྱད་པར་དགུན་གསུམ་དུས་ལ་མ་གསོས་ན། །
གངས་ལྟར་དཀར་བའི་འོ་མ་ཡོད་རེ་སྐན། །
དེ་བཞིན་རིག་པའི་ཡོན་ཏན་འབྱོར་འདོད་ན། །
རྒན་དར་གཞོན་གསུམ་སུས་ཀྱང་ལྷོད་མེད་སྦྱོངས། །
ཁྱད་པར་གཞོན་དུས་ལེགས་པར་མ་སྦྱངས་ན། །
གསེར་བཞིན་དཀོན་པའི་ཤེས་ཡོན་འབྱོར་མི་སྲིད། །
སྔོན་བྱོན་མཁས་དབང་དམ་པའི་བཀའ་གསུང་ལྟར། །
གཞར་ཡང་བདེ་བ་འདོད་ན་རིག་པ་དོར། །
ནམ་ཡང་རིག་པ་འདོད་ན་བདེ་བ་དོར། །
བདེ་ལྡན་རིག་པ་ག་ལ་འགྲུབ་ཐུབ་བམ། །
ཤེས་རབ་རྩལ་དང་ལྡན་པའི་བློ་ལྡན་གྱིས། །
དྲག་ཤུགས་བཙན་གྱིས་ཕ་རོལ་མི་འདུལ་པར། །
ཐབས་དང་ཤེས་རབ་བློ་ལ་བརྟེན་པ་ཡིས། །
སེམས་ཅན་ཁྲི་འབུམ་མང་པོ་དབང་ལས་བསྒྱུར། །
ཤ་ཁྲག་རྒྱས་པའི་གཞོན་ནུ་ཕོ་མོ་ཡང་། །
ཤེས་རིག་ཡོན་ཏན་རྒྱན་ཆས་མ་སྤྲས་ན། །
གང་གི་གླང་ཆེན་ཤ་ཡི་རི་བོ་ཡང་། །
བློ་ལྡན་མི་ཡིས་བྲན་ལ་བཀོལ་པ་བཞིན། །
ཡོན་ཏན་མེད་པའི་སྐྱེ་བོའི་སྒྲ་འཛིན་ལ། །
ཟས་རིགས་རྒྱན་གོས་སྨྲས་ན་རབ་ཏུ་སྙན། །
མཁས་པའི་ལེགས་བཤད་ཁྲི་སྟོང་སྨྲས་ན་ཡང་། །
དུད་འགྲོའི་རྣ་ལ་ཆོས་བཤད་མཛད་དང་མ་ཚུངས། །
ཤེས་རབ་ཡོན་ཏན་ཕྱུག་པའི་སྐྱེ་བོ་དག །
ཞི་ཞིང་དུལ་ལ་བློ་རྒྱ་མཁའ་ལྟར་ཡངས། །
ཤེས་བྱ་ཡོན་ཏན་མེད་པའི་སྐྱེ་བོ་རྣམས། །
ང་རྒྱལ་ཁེངས་དྲེག་ཆེ་ལ་ཁོག་པ་དོག །