མཛེས་ཤིང་སྡུག་པའི་ཡུལ་ལྗོངས།
དྭངས་ཤིང་གཙང་བའི་མཁའ་རླུང་།
བདེ་ཞིང་སྐྱིད་པའི་འཚོ་བ།
སྙན་ཞིང་འཇེབས་པའི་གླུ་དབྱངས།
ཨེ་མ་་་་་་་་
དེ་ལས་ཀྱང་ཉམས་དགའ་བ་ནི།
འཛམ་གླིང་གི་ཡང་རྩེ།
རི་བོ་ཧི་མ་ལ་ཡའི་གཡས་གཡོན།
གནས་ཆེན་ཁ་བ་དཀར་པོའི་མདུན་རྒྱབ།
མི་ཉག་གངས་དཀར་རི་བོའི་ཉིན་སྲིབ།
ཨ་མྱེས་རྨ་ཆེན་སྤོམ་རའི་རྩེ་འདབས།
ཆུ་བོ་ཁ་འབབ་བཞིའི་མན་ཆད།
གཙང་པོ་རྨ་འབྲི་རྫ་གསུམ་གྱི་བར་སྲུབས།
མདོར་ན་སྟོད་ཀྱི་སྐོར་གསུམ།
བར་གྱི་རུ་བཞི།
སྨད་ཀྱི་སྒང་དྲུག
ཆུ་མཚམས་ཀྱིས་མ་གཅོད།
ས་མཚམས་ཀྱིས་མ་འབྱེད།
རི་མཚམས་ཀྱིས་མ་དགར།
སེམས་མཚམས་ཀྱིས་མ་བསྐལ།
འདས་ཟིན་པའི།
མི་རབས།
དུས་རབས།
བསྐལ་པ།
ད་ལྟའི་བར་ལ།
ལྟོས་དང་།
ངའི་གཟུགས་རིས་དེ་དག་ལ།
མེས་པོ་སྲོང་བཙན་གྱི་སྤོབས་པ།
བློན་ཆེན་ཐོན་མའི་བློ་གྲོས།
ལོ་པཎ་བརྒྱ་ཕྲག་གི་རྔུལ་ཆུ།
མཁས་དབང་རིམ་བྱོན་གྱི་དཀའ་ཚེགས།
བགྲང་མི་ནུས།
རྩིས་མི་ཐུབ།
དཔོག་པར་དཀའ།
གཞལ་ཐབས་མེད།
ཉོན་དང་།
ངའི་ལོ་རྒྱུས་ཏེ།
རྒས་སྐྲ་དཀར་གྱི་མན།
གཞོན་སོ་དཀར་གྱི་ཡན།
རིགས་རུས་ཀྱི་དབྱེ་མ་ཕྱེ།
ཕོ་མོའི་གྲལ་མ་ཆོད།
སེར་སྐྱའི་མཚམས་མ་བཞག
ངའི་དབྱངས་རྟ་རེ་རེ་ལས།
གཅིག་སེམས་གཅིག་ལ་སྦྱར་བའི་མཐུན་སྒྲིལ་
གྱི་ལག་བརྡང་སྦྲེལ་མྱོང་།
གསུམ་གཉིས་དབང་དུ་འཛིན་པའི་རྒྱལ་ཁའི་
དར་དམར་བསྒྲེངས་མྱོང་།
སྲིད་འབྱོར་རིག་གསུམ་སྤེལ་ནས་གོ་ལའི་ཁྱོན་
ལ་གྲགས་མྱོང་།
ཀྱེ།
འདི་ནི།
རང་བཞིན་གྱི་རྣམ་ཐར་དཀྱུས་མ་
ཞིག་མ་ཡིན་ཏེ།
འདི་ནི།
དབྱངས་གསལ་གཉིས་ལས་གྲུབ་པའི་ཕ་
སྐད་ཀྱི་ལོ་རྒྱུས་ཡིན།
ང་ལ་སུམ་རྟགས་ཀྱི་རྣམ་གཞག
གུས་པ་མཚོན་པའི་ཞེ་ས།
གསང་བ་སྟོན་པའི་གབ་ཚིག
མིང་གིས་ཕྱུག་པའི་མངོན་བརྗོད།
ཡིད་དབང་འཕྲོག་པའི་སྙན་ངག
དུས་གསུམ་རྟོགས་པའི་རྩིས་རིག
གྲལ་བསྟར་འགྲིག་པའི་སྡེབ་སྦྱོར།
སྒྱུ་རྩལ་འཛོམས་པའི་ཟློས་གར།
ཐ་ན།
ཡ་མཚན་བའི་ལྷ་སྒྲུང་རིང་པོ།
འཇིགས་རུང་བའི་འདྲེ་སྒྲུང་མང་པོ།
དགོད་བྲོ་བའི་བའི་བྱིས་སྒྲུང་འདི་དག
ང་ལས་བྱུང་།
ཁོ་བོས་སྟོན།
གཞན་ཡང་།
དབུས་སྐད་་་ཁམས་སྐད་་་་་ཨམ་སྐད་་་
མདོར་ན།
ཆད་ལྷག་མེད་པའི་བརྡ་སྤྲོད།
ཕུན་སུམ་ཚོགས་པའི་གཞུང་ལུགས།
ང་ནི་མཐུན་སྒྲིལ་གྱི་སྲོག་གི་དབང་པོ་དང་
འཕེལ་རྒྱས་ཀྱི་དབུགས་ཀྱི་རྒྱུ་བ་ཡིན།
ང་ནི་ཆོལ་གསུམ་སྒང་བ་ཚང་གི་འདས་
པའི་ལོ་རྒྱུས་དང་མ་འོངས་པའི་ལམ་སྟོན་ཡིན།
བདག་པོ་ཚོ།
ང་ལ་གཟི་བརྗིད་ཆེན་བའི་ལོ་རྒྱུས་ཡོད་མྱོང་ཡང་འཕེལ་རྒྱས་འགྲོ་བའི་གསོན་ཤུགས་ནི་ངའི་སྤོབས་པ་ཡིན།
ང་ལ་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱས་
མྱོང་ཡང་སྤྱད་བྱ་སྤྱོད་བྱེད་འགྱུར་བ་ནི་ང་ལ་
གཟེངས་རྟགས་ཡིན།
ང་ནི་ཀྱག་ཀྱོག་ཆེ་བའི་རྐང་ལམ་བརྒྱུད་ཀྱང་འོད་
སྟོང་འབར་བའི་མདུན་ལམ་ནི་ངའི་རེ་འབོད་ཡིན།
ང་ནི་ཕ་འཛོམས་མ་འཛོམས་ཡིན་ཡང་བདག་མེད་དྭ་
ཕྲུག་མ་ལུས་ངའི་སྨོན་ལམ་ཡིན།