ཕལ་བའི་གཤིས་སྤྱོད་དང་ཆོས་དད།
དཔལ་ལྡན་རྡོ་རྗེ། 2016-06-16
རང་རྒྱུད་དུག་གསུམ་རླངས་པ་ཁྱི་ལུད་ལས་ཁ་ཡང་།།
ཚུལ་འཆོས་ཞི་བར་འཚོ་བ་རྒྱལ་སྲས་ཀྱི་རང་གཟུགས།།
བྱམས་སྙིང་ཁ་ལ་བཏགས་པའི་གཞུང་འགྲེལ་གྱི་བླ་མས།།
ཆོས་འཆད་རྒྱལ་ཁམས་ནོར་བསྡུའི་དམ་ཆོས་ལ་འབད་འདུག།
མགོ་བདེ་གླགས་འཚོལ་དྲན་རིག་གློག་དམར་ལས་རྒོད་ཅིང་།།
རྫུན་དང་མནའ་ཡིས་ཡུལ་ཁམས་ཕྱོགས་མེད་དུ་འགྲིམས་པའི།།
རྟེན་དང་གཏེར་མའི་འཕུང་སྦྱོར་འབྱོར་ལྡན་གྱི་ཚོང་པས།།
དཔེ་ཆ་འདྲ་སྐུ་བླུ་བའི་དམ་ཆོས་ལ་འབད་འདུག།
གནའ་དད་འདིར་དམོད་དུས་གསར་སྙིགས་མ་རུ་བགྲངས་ཤིང་།།
ཤ་ཆང་བདུད་ཟས་སྤྱོད་པ་བསོད་ནམས་སུ་འཁུམས་ནས།།
དགེ་སྡིག་བཟང་ངན་མ་ཤེས་གཤིས་གྱོང་གི་རྒན་པོས།།
དབང་ཞུ་ཆོས་ཚོགས་འགྲིམས་པའི་དམ་ཆོས་ལ་འབད་འདུག།
གྲོང་དང་ཁྱིམ་གྱི་གསང་ཚད་གསར་འགྱུར་ལྟར་བསྒྲགས་ཤིང་།།
ཕན་ཚིག་སྨན་གྱིས་མ་བཏུལ་སྡུག་ཡུས་ལ་གོམས་པའི།།
ཁྱིམ་གྱི་མགོ་རྔ་དཀྲུག་མཁན་ངག་གྱལ་གྱི་རྒན་མོས།།
མར་མེ་ཡོན་མཆོད་བཤམས་པའི་དམ་ཆོས་ལ་འབད་འདུག།
ཁ་ཤགས་ཁ་ཕོས་རང་མགོ་ཆར་གདུགས་ལྟར་བསྐོར་ཞིང་།།
རྒྱན་སྐུགས་གཡོ་ཁྲམ་ལས་ལ་ཉིན་མཚན་དུ་གཡེལ་ནས།།
ཆོས་དང་བླ་མ་རྩོད་མདོག་མགོ་སྟོང་གི་གསར་བུས།།
གནས་བསྐོར་ཡུལ་གྱར་འཚོ་བའི་དམ་ཆོས་ལ་འབད་འདུག།
བྱུག་རྫས་སྤོས་ཆུས་ལྷན་སྐྱེས་རང་གཟུགས་དེ་བཅོས་ནས།།
ཟུར་མིག་ཁ་པར་འདོད་གཏམ་ཐུག་ཚད་ལ་གཏད་པའི།།
སྡོམ་གཙང་ཨ་ཇོ་བསླུ་མཁན་མདོ་མེད་ཀྱི་བུ་མོས།།
ཕྱག་སྐོར་སྨྱུང་གནས་ཞུགས་པའི་དམ་ཆོས་ལ་འབད་འདུག།
ཡིད་འཕྲོག་རི་བོའི་སྐྲ་ལོ་ལྡུམ་བུ་ལྟར་བྲེགས་ཤིང་།།
བྲག་ཐེམ་རང་བྱུང་གཏེར་མཛོད་གྲོག་མཁར་བཞིན་གཏོར་ནས།།
ཞིང་ས་ཐང་སྟོང་མ་ལུས་ཁང་ཁྱིམ་གྱིས་བསྐོར་ཞིང་།།
དགོན་སྡེ་གྲྭ་ཤག་བསྐྲུན་པའི་དམ་ཆོས་ལ་འབད་འདུག།
མདོར་ན་མི་ཆོས་འཁྲུལ་བའི་བས་མཐའ་ཡི་ཡུལ་ན།།
ལྷ་ཡི་བརྟུལ་ཞུགས་རེ་བ་སྤྲེལ་ལད་ཀྱི་ཟློས་གར།།
འཇིག་རྟེན་མིག་རྒྱན་རང་རང་སེམས་གསོ་ཙམ་འོས་མོད།།
རྒྱལ་བའི་ཐུགས་ལ་མེད་ན་འདི་ཕྱི་ལ་ཅི་ཕན།།
སྤྱོད་ཡོན་གང་ལའང་དམ་པའི་གྲིབ་གཟུགས་ཙམ་མེད་ཅིང་།།
ཟླ་རྔན་ཙམ་དུ་སྐྱིད་འདོད་མི་ཚེ་དེ་འཁྱོལ་མཁན།།
སློབ་མའི་མདུན་ལམ་མ་བརྩོན་ལས་ངན་གྱི་ང་རས།།
གང་བྱུང་འཆལ་གཏམ་སྤེལ་ལ་གུ་ཡངས་ཤིག་གནང་རོགས།།