མ་ཡུམ་གངས་ལྗོངས།

མཚོ་སྔོན་ཐེམ་ཆེན།(གངས་བུ་སྒྲོལ་ལོག་གིས།)        2011-07-18

དཀར་དཀར་གངས་ཀྱི་ས་འཛིན་མཐོན་པོས་ཁོ་ར་ཁོར་ཡུག་ཀུན་ནས་བསྐོར།།
ལྷུང་ལྷུང་བཞུར་བའི་ཡན་ལག་བརྒྱད་ལྡན་གངས་རི་དཀར་པོའི་པང་ནས་འབབ།།
མཛེས་མཛེས་ཡངས་པོའི་རྩྭ་ཐང་སྟེང་ན་རྟ་ནོར་ལུག་གསུམ་བག་ཡངས་རྒྱུ།།
སྐྱིད་སྐྱིད་ང་ཡི་ཕ་ས་ཕྱུག་མོ་སུམ་རྩེན་ཡུལ་གྱི་དཔལ་ལ་འགྲན།།
 
མཐོ་མཐོ་བརྗིད་པའི་ཁྲ་ཡག་རྩ་ན་འབྲོང་དང་ཤ་བ་ལ་སོགས་རྒྱུ།།
མཛེས་མཛེས་མེ་ཏོག་འབུམ་ཕྲག་འཁྲིགས་པའི་བདེ་མོ་ཐང་དང་སྤང་གཞུང་དུ།།
མཛེས་མཛེས་རྐང་དྲུག་ཕྱེ་ལེབ་སྒེག་མོའི་གླུ་དང་གར་གྱི་སྟངས་སྟབས་ཀྱིས།།
མཐོ་མཐོ་སུམ་རྩེན་འཆི་མེད་ལྷ་ལ་མི་ཡི་ཡུལ་གྱི་དགེ་མཚན་ངོམ།།
 
གངས་དཀར་ཨ་མའི་བརྩེ་སེམས་མངལ་ལས་ཚེ་སྲོག་མྱུ་གུ་འཁྲུངས་པ་དང་།།
གངས་ཅན་ཁ་བའི་ཡུལ་གྱི་ལྗོངས་ནས་འཚར་ལོངས་བྱུང་བའི་བོད་མི་རྣམས།།
ཡ་རབས་དགེ་བའི་ལས་ལ་འབད་ཅིང་དམ་པའི་ཆོས་ཀྱིས་བློ་རྩེ་སྒྲིལ།།
ཡ་རབས་སྤྱོད་པ་གཙིགས་སུ་བཟུང་ནས་རྒན་བཀུར་གཞོན་བྱམས་སྲོལ་བཟང་སྤེལ།།
 
གནས་འདིར་འཚོ་བའི་འགྲོ་བ་མི་ཡི་ལྷག་བསམ་གངས་རིའི་མདངས་ལ་འགྲན།།
བྱམས་དང་སྙིང་རྗེའི་ཆུ་རྒྱུན་རིང་མོ་རྨ་འབྲི་བུ་མོའི་རྒྱུན་དང་མཚུངས།།
རང་གི་ལས་ལ་བརྩོན་སེམས་ཆེ་བ་རྐང་དྲུག་བུང་བ་གཞོན་ནུ་བཞིན།།
བྱམས་ལྡན་ཕ་མའི་དྲིན་ལན་གཞལ་བ་མི་རིགས་གཞན་གྱི་མིག་དཔེར་གྱུར།།
 
སྣ་མང་བཅུ་ཕྲག་རིག་པའི་གཟི་འོད་འོད་སྟོང་འཕྲོ་བའི་སྲིད་ཇུས་འོག།
སྲིད་པའི་རྩེ་མོ་སཱ་ལའི་ལྗོངས་ལ་ལ་ལུང་མེད་པར་རབ་འཕྲོས་པས།།
ལྗོངས་འདིར་སྔོན་མེད་འབངས་ཀྱི་བདེ་སྐྱིད་སྐྱིད་པའི་ཉི་མ་གཞོན་ནུ་ཤར།།
སྐྱིད་པའི་འཚོ་བ་བསྟོད་པའི་གླུ་དབྱངས་དབྱངས་ཅན་ལྷ་མོའི་ངག་དང་མཚུངས།།
 
རབ་མཐོ་གོ་ལ་ཟླུམ་པོའི་ཡང་རྩེར་འདི་ལྟར་འཚོ་བཞེས་ཐུབ་པ་འདི།།
རབ་མཆོག་གཞན་ལས་ཁྱད་དུ་འཕགས་པའི་རྣམ་དཔྱོད་རིག་པའི་བློ་གྲོས་དང་།།
རབ་བརྟན་མི་འགྱུར་ཡིད་ཀྱི་སྤོབས་པས་རང་བྱུང་གནོད་འཚེར་འཐབ་པ་ཡིས།།
རབ་དཀར་གངས་ཀྱིས་བཀླུབས་པའི་ཡུལ་འདི་གདོང་དམར་བོད་ཀྱི་ཞིང་དུ་བསྒྱུར།།
 
འདི་ལྟར་གངས་ཅན་སཱ་ལའི་ལྗོངས་ཀྱི་ཕྱི་ནང་གཉིས་ཀའི་ངོ་མཚར་ཀུན།།
ཀུན་གྱིས་ཤེས་གསལ་བློ་དམན་ང་འདྲའི་སྨྱུ་གུའི་རྩལ་གྱིས་མཚོན་ནུས་མིན།།
མིན་ཀྱང་གཞན་གྱི་ལད་མོའི་ཚུལ་གྱིས་ཅུང་ཟད་ཙམ་ཞིག་བརྗོད་པ་འདི།།
འདི་ཡང་མ་ཡུམ་གངས་ལྗོངས་ཕྱུག་མོར་བུ་ངས་ཕུལ་པའི་མཆོད་པ་ཡིན།།
  • ལེ་ཚན་སྔོན་མ།:སྐད་ཅིག་ལའང་མི་སྡོད་པའི་འཁོར་ལོ་ཞིག
  • ལེ་ཚན་རྗེས་མ།:མི་བུ།