སྐད་ཅིག་ལའང་མི་སྡོད་པའི་འཁོར་ལོ་ཞིག

རི་སྔོན་བླ་མ་ཐར།        2010-08-25

སྐད་ཅིག་ལའང་མི་སྡོད་པའི་འཁོར་ལོ་ཞིག


         བར་སྣང་གི་སྟོང་བའི་ཁམས་སུ་ཡོད་པའི

སྐད་ཅིག་ལའང་མི་སྡོད་པའི་འཁོར་ལོ་ཆེན་པོ་འདིའི་ནང་དུ ཉི་མ་འགྲོ་བཞིན་འདུག

ཟླ་བ་འགྲོ་བཞིན་འདུག སྐར་མ་འགྲོ་བཞིན་འདུག

རི་དང་ཆུ་བོའང་འགྲོ་བཞིན་འདུག

 

ཕྱེད་ཀ་ནག་པོ་དང་ཕྱེད་ཀ་དཀར་པོ་ཡིན་པའི

འཁོར་ལོ་དེ འཁོར་ལོ་ཆེ་ཆུང་ཁྲི་འབུམ་དེ་དག

རེས་མོས་སུ་འཁོར་ནས་ཅི་ཞིག་བསུབས་སོང

ཅི་ཞིག་གཏན་ནས་གཏན་དུ་མི་སྣང་བར་ཡལ་སོང

 

འཁོར་ལོ་འདི་ལ་དམིགས་བསལ་གྱི་བྱེད་ནུས་ཤིག་ཡོད་པ་ནི

ཅི་ཞིག་གསལ་པོ་ནས་རབ་རིབ་མག་པོར་གཏོང་བའམ

 ཅི་ཞིག་མོག་པོ་ནས་གསལ་གྱི་ལེར་གཏོང་ཐུབ་པ་དེ་ཡིན

 

བར་སྣང་གི་འཁོར་ལོ་འདི་དག་ལ་བརྟེན་ནས

གཉིད་ནས་ཡོད་པའི སད་ནས་ཡོད་པའི

ངའང་ཕྱོགས་གང་ཞིག་ལ་འཁོར་ནས་འགྲོ་བཞིན་འདུག

གཏེར་བརྐོ།

ལ་ལས་དུས་ཚོད་ནི་གལ་ཆེ་བར་བཤད

ལ་ལས་ཐོན་སྐྱེད་ནི་གལ་ཆེ་བར་བཤད

ལ་ལས་ཐབས་ཤེས་ནི་གལ་ཆེ་བར་བཤད

གཏེར་ཁ་རྐོ་བཞིན་པའི་བཟོ་བ་ང་ལ་མཚོན་ན

ཐོན་ཁུངས་ནི་ཅིས་ཀྱང་གལ་ཆེ་བར་འདོད

 

གཏེར་ནས་ཐོན་པའི་གསེར་དངུལ་ཟངས་ལྕགས་ལ

ཇི་ལྟར་བཙོ་སྦྱངས་ཞུན་བརྡར་བྱ་རྒྱུ་དེ་ཡང

ངེས་པར་བསམ་བློ་གཏོང་དགོས་པ་ཞིག་རེད

གསོ་ཕག

གཅིག

ང་ནི་ངོ་མི་ཤེས་པའི་ང་མང་པོ་ཞིག་གིས་གྲུབ་ཚར་སོང

དེ་རིང་ལྐོག་ནས་གསོ་ཕག་ཞིག་ལ་སྤྲུལ་པར་བྱ

དེ་ནས་སྤྱིལ་བུའི་ནང་རྐན་རྒྱལ་དུ་བདེ་བར་ཉལ

ལྟོ་བ་ཞིམ་མངར་གྱི་བཟའ་བཏུང་གིས་འགྲངས་མ་ཐག

ད་ལྟ་གཉིད་སྐྱིད་པོ་ལས་ཅི་ཡང་མི་དྲན

གཉིས།

གཉིད་ལ་ཞུགས་ཀྱང་དབྱར་དགུན་སྟོན་དཔྱིད

གཉིས་ལས་སད་ཀྱང་དབྱར་དགུན་སྟོན་དཔྱིད

དབྱར་དགུན་སྟོན་དཔྱིད་ཀྱི་ལྭ་བ་ཡང་ཤོམ་བྱས་ནས

གྲིབ་ཡོལ་ནང་དུ་འཛུལ་དུས

ཕོ་བ་ནི་ཕོ་བ་ཁོ་ན་ཙམ་ཞིག་མ་ཡིན་པར

འཇུ་མི་ནུས་པའི་ཁ་ཟས་ཅི་ཡང་མི་འདུག

གསུམ།

ཉི་མ་རེ་རེ་དང་མཚན་མོ་རེ་རེར

བདག་པོ་གང་དེའི་ཚད་མེད་པའི་གསོ་སྐྱོང་ལ་བརྟེན

ལུས་པོའི་སྟོད་སྨད་ཡོངས་སུ་ཤ་ཚིལ་གྱིས་གཡོགས་ནས

འགྲོ་འདུག་ལའང་རང་དབང་མི་འདུག

བཞི།

ཡང་ནས་འོར་དུ་བཙེམས་པའི་ལྷན་པ་དེ

རེ་ཞིག་མལ་གདན་འཇམ་པོའི་ལྟེབ་བརྩེགས་བར་དུ་ཤོར་ནས

སུ་དང་གང་གིས་མཐོང་གིན་མེད་པ་འདྲ་ཡང

ཁབ་དང་སྐུད་པའི་བློ་ནི་བདེ་བཟོ་མི་འདུག

  • ལེ་ཚན་སྔོན་མ།:མ་ཡུམ་ཚོའི་ལས་དབང་།
  • ལེ་ཚན་རྗེས་མ།:མ་ཡུམ་གངས་ལྗོངས།