ང་ཚོ་རྩྭ་ལོ་བཞིན་སྐྱེས་དགོས།
ང་ཚོ་རྩྭ་ཐང་བཞིན་ཆེ་དགོས།
ཐོག་མ་ནས་རང་ཉིད་མགོན་དུ་བསྟེན་པ་ནས་བཟུང་།
རྩྭ་ལོ་ས་ཆེན་གྱི་ཡང་སྟེང་ནས་ཆེས་ཐོག་མར།
ང་ཚོའི་བྲང་གཞུང་དུ་སྐྲ་ལོ་བཞིན་སྐྱེས་ལ།
ང་ཚོའི་སྒལ་ཚུགས་སུ་མཁྲེགས་པོར་གྱུར།
རྩྭ་ལོ་སྐྱེས་ཚུལ་ནི་རང་ཉིད་འཚར་ལོངས་བྱུང་བ་དང་འདྲ་ལ།
རྩྭ་ལོ་རྒས་ཚུལ་ཡང་རང་ཉིད་འཆི་ཚུལ་དང་འདྲ་བས།
རྩྭ་ལོ་ཁོ་ན་ས་ཆེན་གྱི་ཐེམ་སྐས་སུ་ཆུ་སྐྱེས་བཞིན་བཞད་དུས།
རྩྭ་ལོ་ཁོ་ན་འབྲོང་རྒོད་ཀྱི་རྭ་བ་ནས་རྐང་འཐུང་བཞིན་སྐྱེས་དུས།
རྩྭ་ལོ་ད་གཟོད་ནོར་ནག་གི་རྨིག་པ་ན་རྒས་ཤིང་འཁོགས།
རྩྭ་ལོ་ད་གཟོད་རྟ་མཆོག་གི་འཚེར་སྒྲའི་གསེབ་ན་སྐམ་ཞིང་རྙིད།
རྩྭ་ལོ།རྩྭ་ལོ།
རུས་རྐང་གི་རྩྭ་ལོ།གློ་སྙིང་གི་རྩྭ་ལོ།
རྩྭ་ལོ་ནི་རང་དབང་གི་རིགས་ཤིག་ཡིན།
རྩྭ་ལོ་ནི་གད་རྒྱངས་ཀྱི་རིགས་ཤིག་ཡིན།
རྩྭ་ལོ་ནི་བརྩེ་དུང་གི་རིགས་ཤིག་ཡིན།
རྩྭ་ལོ་ནི་སྙིང་སྟོབས་ཀྱི་རིགས་ཤིག་ཡིན།