ང་འགྱུར་སོང་དུས། འགྱུར་སོང་བ་ཡིན།

གཅན་ཚང་རིན་ཆེན་རྒྱལ།        2016-04-14

ནམ་རྒྱུན་ཉི་མའི་ཕྱི་མིག་གི་ཁེར་རྐྱང་ལ་ཅེར་ཏེ
སེམས་པ་སྙི་མོ་འདིའི་ཁ་དོག་བརྗེ་ཡི་ཡོད
ང་རྨ་ཁ་ཞིག་གཏན་ནས་ཡོད་མི་སྲིད་ནའང
གྲང་རླུང་གི་གས་ཁ་བཏོད་པའི་གདོང་གི་རྩུབ་རེག་གིས
བྲང་སྒོ་ཟྭ་ཡིས་བསྒགས་པ་བཞིན་བཅུན་ནས་ཡོད
 
ང་ལ་ངུ་སླ་བའི་མིག་ཆུ་ཞིག་མེད
སུ་ཡི་ཆེད་དུ་སྡུག་བསྔལ་མྱང་དགོས་པའི་ན་ཟུག་ཀྱང་མེད
སྨག་སྟུག་པའི་མཚན་མོ་རེ་རེར་ཡང
སྐྱོ་བའི་གླུ་སྒོ་སྟོང་དབྱིངས་སུ་རང་དབང་གིས་ཕྱེས་ནས
བརྗེད་ཐབས་མེད་པའི་མི་ཚོགས་རྣམས་ལ
ལྷོག་ལྷོག་འཕྱུར་བའི་ཡ་ཆུང་གི་བརྩེ་བ་སྟོན་གྱིན་ཡོད
 
ད་ལྟ      ང་ནར་མ་སོན་གོང་ཧ་ཅང་རྒས་འདུག
སའི་གོ་ལ་རྒྱ་ཆེ་བ་མིན་ན་ཁ་ཐག་རིང་བོ་ཞིག་ཆོད་ཀྱིན་མི་འདུག
ཁུ་བྱུག་འདྲ་བའི་གླུ་སྐད་ཅིག་ཡོད་པ་དེའང་འགགས་འདུག
ང་འགྱུར་སོང་དུས་འགྱུར་སོང་བ་ཡིན     ཐ་ན
ངས་ཁྱོད་རང་དྲན་པའི་རྨི་ལམ་དེའང་རྨི་མཚམས་ཆད་ཟིན
ཉི་ནུབ་ཀྱིས་ཁྱོད་རང་བཙལ་ཞིང་གླེང་འོངས་ནའང
ཟླ་བ་མ་གཏོགས་ཡོད་ཚད་བརྗེད་ངེས་སུ་གྱུར་འདུག
  • ལེ་ཚན་སྔོན་མ།:ཟུག་རྔུ།
  • ལེ་ཚན་རྗེས་མ།:རྩྭ་ལོ།