ཟུག་རྔུ།
གཅན་ཚང་རིན་ཆེན་རྒྱལ། 2016-04-14
མུན་པའི་ཁྲོད་ནས་ང་ཡི་མིག་ཆུ་སུ་ཡིས་དབྱི།
ན་ཟུག་གི་སྡར་མོ་ཀྲབ་ཀྲབ་ཅིག་སེམས་ལ་བསྙབས་པ་དེས།
ང་སྐར་མ་ཞིག་ཡིན་པའི་འཛུམ་མདངས་ཞིག་ཟིན།
ང་མེ་ཏོག་ཅིག་ཡིན་པའི་འདབ་མའང་གཏོར།
སེམས་པའི་ཁ་ཚུབ་དམ་པོར་བརྒྱབ་ནས།
ཁ་དོག་གྱུར་བའི་ཆུང་ངུའི་སྣང་བ་གསང་ཞིང་སྦས་ན།
ངས་ཐོ་རངས་ཀྱི་དུས་སུ་རྐ་ཞིག་བཟོ་འདོད་པ་ཁོ་ན་དེ།
སྐྱོ་བ་ཤིན་ཏུ་ཆེ་དུས་ཤིག་ལ།
ལྷག་ལུས་མེད་ཅིའང་མེད་པར་ཁུ་སིམ་པོར།
རང་ཉིད་ཆུ་བོ་ཆེན་པོ་ཞིག་ལ་བསྐུར་དགོས་པས་ཡིན།
ཁེར་ཧྲེང་གི་མཚན་མོ་མང་བོར།
རྣ་བ་བསལ་ནས་ཕར་ལ་བླགས་དགོས་པ་མེད་ནའང།
ཡོམ་ཡོམ་འདར་བའི་འགྱུར་ཁུགས་ཤིག་གིས།
མི་ཚེ་ནི་དགུན་ཟླ་ཞིག་ཡིན་པ་སྔ་མོ་ནས་བསྒྲགས་ཟིན།
ལོ་ཟླ་བསྟུད་མར་བརྩེགས་པའི་བདག་གཉེར་མ།
ཐེག་དཀའ་བའི་ན་ཟུག་ན་ཟུག་གིས་མྱོང་ཞོར།
རི་རྒྱལ་ལ་དཀྲིས་གསུམ་བརྒྱུགས་པ་དང་འདྲ་བར།
རང་ཉིད་བརྗེད་ཅིང་ཧ་ཅང་བོར་ཉེན་ཆེ་དུས།
ང་ནམ་ཡང་ཕྱིར་ཡོང་མེད་དེ།
ཤ་ཁྲག་ཡོད་ཅོག་ཐལ་བར་བརྡུངས་ནས།
ཉི་མ་ལྷ་སའི་ཕར་ལ་འབྱོར་ཡོད།