སྙིང་གི་གྲོགས་མོ།
ཨ་ཁུ་ཆོས་པོད་དང་དཔལ་ལྡན་མཁས་གྲུབ། 2016-04-14
ཀ་བ་གདུང་ལྕམ་བྲལ་བའི་ནམ་མཁའི་ཞབས།།
ཁ་སེམས་མཐུན་པའི་ཡིད་ཀྱི་འགྲོ་བ་ཀུན།།
ག་ནས་བསམ་ཡང་ཁྱེད་ལས་མཛའ་བ་ཞིག།
ང་ལ་མེད་དོ་སྙིང་གི་གྲོགས་མོ་ལགས།།
ཅ་ཅོ་ལེ་ལོ་ལོང་གཏམ་མ་ཡིན་པར།།
ཆ་ཙམ་རང་ལ་མཚོན་ནས་ཆ་བཞག་ན།།
ཇ་ཆང་དགའ་གཏམ་རྟག་པར་རོལ་བ་ལས།།
ཉ་མོ་གསེར་མིག་ཅན་གྱི་ཕྱོགས་སུ་འཁོར།།
ཏ་ལེ་གྲོང་ཁྱེར་ཆེན་པོའི་ཡུལ་གཞན་གྱི།།
ཐ་གྲུ་ཀུན་ཏུ་ཇི་ལྟར་སོང་ན་ཡང་།།
ད་ལྟ་རང་ཡུལ་གནས་པའི་མཛའ་ན་མོ།།
ན་ཆུང་བདག་གི་སྙིང་ལ་སྨན་དུ་སོང་།།
པ་སངས་སྐར་མ་མཁའ་ལ་ཤར་བའི་དུས།།
ཕ་རོལ་རྒྱང་དུ་གནས་པའི་སྙིང་གྲོགས་མཆོག།
བ་སོ་དཀར་པའི་འཛུམ་མདངས་ངོམ་བཞིན་དུ།།
མ་མཐོང་གསར་དུ་འཕྲོད་པའི་སྣང་བ་ཤར།།
ཙ་རི་གནས་ཀྱི་ཁུ་བྱུག་སྔོན་མོ་ངས།།
ཚ་གྲང་དཀའ་ངལ་གང་ལ་མ་འཛེམ་པར།།
ཛ་ཡ་རྒྱལ་པོའི་བུ་མོའི་གྲོང་མཆོག་ཏུ།།
ཝ་ལེར་འཁྱུག་ཏུ་ཕེབས་པའི་སྨོན་ལམ་ཡོད།།
ཞྭ་ཡི་གནས་ལྟར་མཐོ་བའི་གོང་རིམ་ལ།།
ཟ་བྱེད་ཙམ་གྱི་འདུ་ཤེས་མ་ཡིན་པ།།
འ་ཅག་སྐལ་བ་མཉམ་པའི་གྲོགས་མཆོག་ཚོས།།
ཡ་རབས་དམ་པའི་ལུགས་བཞིན་སྐྱོང་ན་ཤེས།།
ར་ཅོ་ཅན་གྱི་ཕྱུགས་ཀྱི་ཕྲུ་གུ་ལ།།
ལ་ལུང་ཀུན་ཏུ་བརྒལ་ཏེ་སྐྱོང་ཤེས་ན།།
ཤ་གཟུགས་མི་རུ་གྲུབ་པ་རང་གཉིས་ཀྱིས།།
ས་སྟེང་འདི་ན་གནས་ཚེ་བརྩེ་བར་རིགས།།
ཧ་ལམ་ཚིག་གི་ལམ་དུ་མཚོན་པ་འདི།།
ཨ་རོགས་སྙིང་གི་ལྷ་མོ་ཁྱེད་ལ་འབུལ།།
ཨ་ལ་ལ་ཡི་དགའ་བ་འཕེལ་བར་ཤོག།