དཔྱིད་དཔལ།

ཆུ་སྐྱེས་སྒྲོལ་མ།        2016-04-06

       དཔྱིད་དཔལ་ན་གཞོན་དུས་ཀྱི་རྟར་ཆིབས་ནས།།
  རི་ལུང་གྲོང་བརྡལ་ཉུལ་བའི་གོམ་སྒྲ་ཡིས།།
  འཁྱག་རོམ་གཟེབ་ཏུ་གཟིམ་པའི་ཚང་ཚིང་ནགས།།
  སྟུག་པོའི་གཉིད་ལས་དཀྲོགས་འདི་ཨེ་མ་མཚར།།
  དཔྱིད་ཀྱི་སྒེག་མོ་འཛུམ་པའི་རྩེད་རྒོད་ཀྱིས༌།།
  ལྗོན་པའི་ཡལ་ག་གོག་པོར་ཕྱག་ཟུང་གིས།།
  བྱམས་བཅས་བྱིལ་བའི་ངང་ཚུལ་རི་མོ་ལ།།
  གེ་སར་ཚེམས་ཕྲེང་འཛུམ་པའི་ཉམས་འགྱུར་སྩལ།།
  ཡལ་གའི་ལོ་འདབ་ཕྲ་མོར་གསོན་ཉམས་ཀྱིས།།
  ཉམས་དང་སྟོབས་ཤུགས་བསྒྲོན་པའི་སྒེག་ཉམས་བཅས།།
  དགུན་ཉལ་སྲིན་འབུའི་ཚོགས་རྣམས་ཚུར་བཀུག་ནས།།
  དགུན་གྱི་རྒྱལ་མོར་ཕྱི་ཕྱག་ཡང་ཡང་རྩེག།
  ལྕུག་ཕྲན་མགོ་བོ་ལྡེམ་པའི་སྟངས་སྟབས་དང༌།།
  མཛེས་སྡུག་རྣམ་པར་བཀྲ་བའི་ཡུལ་ལྗོངས་སོགས།།
  དཔྱིད་ཀྱི་ཕོ་ཉ་བསུ་བའི་བྲོ་གར་གྱིས།།
  མཚར་སྡུག་མཛེས་པ་ཅི་ཡང་ངོམས་འདི་རྨད།།
  དྭངས་གཙང་མཚེའུ་འཁྱག་པའི་གུར་ལས་གྲོལ།།
  ཉ་ཆུང་གསེར་མིག་འཁྱུག་འགྲོས་གར་དུ་རྩེན།།
  སྦལ་ལྕོང་ཕོ་མོས་མཆོང་ལྡིང་ཅི་ཡང་ངོམས།།
  ངོ་མཚར་ལྟད་མོས་དཔྱིད་དཔལ་སྦྲུམ་འདི་མཛེས།།
  གསེར་བྱ་ངང་པ་ཆུ་མོའི་གཞུང་ལ་རྩེན།།
  བྱིའུ་ཆུང་འཇོལ་མོ་ལྐོག་ཉན་ལྟད་མོར་ཆས།།
  དགོད་སྒྲའི་གསུང་སྙན་ལྗོན་པའི་གསེབ་ནས་སྒྲོགས།།
  རི་ལུང་གྲོང་བརྡལ་དགུན་གྱི་གཉིད་ལས་དཀྲོགས།།
  ཚེར་མའི་ཚང་ན་ཉལ་བའི་རི་བོང་སོགས།།
  གཅིག་རྗེས་གཉིས་འཇུག་རྒྱུག་རྩལ་འགྲན་པ་དང་།།
  རྩྭ་རྩེའི་ཟིལ་མངར་འཐུང་ལ་རབ་བྲེལ་བའི།།
  མཆོང་ལྡིང་གར་གྱི་ཉམས་དག་ཡི་གར་འོང་།།
  མུ་ཏིག་ཁྲ་ཚོམ་བཏབས་འདྲའི་ལྗོན་རྩེ་དང༌།།
  བྱི་རུའི་མཛེས་པ་འཕྲོག་འདྲའི་ལྡུམ་རྭ་སོགས།།
  ལྷ་ཡུལ་ས་ལ་འཕོས་འདྲའི་མཛེས་སྡུག་གིས།།
  འདྲེན་བྱེད་འདི་ཀོ་རི་མོའི་གཟུགས་སུ་བྱས།།
  ཤང་ཤང་ཆུ་སྒྲ་བསིལ་བའི་རླུང་སྒྲ་སོགས།།
  བརྗོད་བྱ་དོན་གྱིས་སྟོང་བའི་སྒྲ་དག་གིས།།
  ངལ་གསོའི་སྨན་མཆོག་སར་པ་གསར་པ་དག།
  སྙིང་ལ་སིམ་པ་འདི་ཀོ་དཔྱིད་ཀྱི་དཔལ།།
  • ལེ་ཚན་སྔོན་མ།:མཛེས།
  • ལེ་ཚན་རྗེས་མ།: ཁེར་རྐྱང་བཀླགས་པ།