ཁེར་རྐྱང་བཀླགས་པ།
གཅན་ཚང་རིན་ཆེན་རྒྱལ། 2016-04-07
མུན་པའི་ཟངས་གཤོང་དུ་བླུགས་པའི་ཚོར་བ་ཟ་ཟི།
སྟོང་བའི་མཁའ་མཐའ་སེལ་བའི་ཆར་རླུང་གི་མདུང་མཚོན་རིང་མོས།
མགྲིན་པའི་དབུགས་རྒྱུན་མཐའ་དག་བཞིབས་ཤིང་བསྒགས་རྗེས།
བརྟོལ་དཀའ་བའི་རི་བོའི་ཁ་ཞེང་སྟེང་ལ་སྐོམ་པའི་རི་མོ་ཁྲག་གིས་བརྐོས།
ཤིང་ལོའི་ཁ་དོག་དྲན་པའི་མཚོ་ཁར་གོ་རིམ་མེད་པར་ལྷུང་ཞིང་།
ཆར་ཞོད་དྲག་པོ་དེས་འདབ་མ་སྒྲུག་གིན་པའི་ལག་ངར་སྦོམ་པོ་ཡོངས་སུ་བརླན་རྗེས།
བྲང་གི་ར་བར་སྨིན་པའི་མེ་ཏོག་དམར་པོ་ཁོ་ན་ཡེ་ནས་དོར་ཐབས་མ་བྱུང་།
དཔྱིད་མགོ་མའི་ལྗོན་པའི་བསིལ་གྲིབ་ཀྱི་གདོང་རིས་གོར་མོ།
གང་བུ་ཕྱེས་པའི་འཛུམ་ཆུང་གི་སྣང་བ་ལྟེམས་མེར་བཞུར་བ་དེས།
ཤུབ་བུར་བཞུར་འགྲོ་བའི་ཁེར་རྐྱང་གི་ཟུག་གཟེར་གཏན་ནས་གཅུམ་མ་ནུས།
འཇམ་མཉེན་མཉེན་གྱི་མགུལ་ཆུང་ལ་བསྒྲོན་མྱོང་བའི་གཡུ་ཡི་མགུལ་རྒྱན།
ནག་རོག་རོག་ང་སུ་ཞིག་གི་མཇིང་ལ་དམ་དུ་འཁྱུད་ཚུལ་དྲན་ན།
ཆུ་སྣ་བརྒྱ་ཡི་བརྩེ་བ་འདྲེས་ཏེ་དུངས་པའི་མཚོ་མོ་འཁྱིལ་བའང་ཤིན་ཏུ་འགྲིག
དོ་ནུབ་ལྕགས་རྒྱར་བཙུད་པའི་ང་ཡི་རྐང་རྗེས་ལས་ཁྲག་དམར་འཛར་བ།
བརྩེ་བ་འོ་ཆུ་ཅན་ཞིག་གི་རྨ་ཤུལ་ཁོ་ན་ཡིན་སྲིད་དེ།
ཟླ་བའི་འཛུམ་ཆུང་།
མུན་པའི་སྐྱོ་ཞགས་རིང་བའི་དུས་ཀྱི་སོ་ཁ་འདི་ཡིས།
ནམ་ཞིག་ང་ཡི་ལག་པ་དང་རྐང་བ་ཡ་རེ་དུམ་བུར་གསིལ་ངེས།
སེམས་པ་རྒྱང་ལ་ཆས་ཤུལ་གྱི་མིག་ཆུ་སོ་ཡིས་ལྡེག་གིན།
ཤ་མར་བརླན་པའི་སུ་དང་གང་གི་ངོ་གདོང་མག་མོག་དེ།
ན་ཟུག་ཆེ་བའི་སོར་ཁྲག་གིས་གང་སར་འབྲི་འདོད།
ང་ཡི་སྔས་འགྲམ་ལ་མིག་ཆུའི་གཤོག་རྗེས་ཤིག་བབས་ཤིང་།
རྨི་ལམ་གྱི་རྩིག་ངོས་སུ་མཚན་མོ་ཡོད་ཅོག་ལའང་གས་ཆག་ཤོར་འདུག