དོ་ནུབ་ངས་ལྷ་ས་དྲན་བྱུང་།

གཅན་ཚང་རིན་ཆེན་རྒྱལ།        2016-04-07

ཡིད་ཀྱི་ཁྲོན་པར་ལྷུང་བའི་ཟླ་བ་ཕྱེད་ཀ །
དོ་ནུབ་ཡོད་ཚད་སྲོག་གི་ཨམ་ཕྲག་ཏུ་བཅུག་ནས།
ངས་ཆུང་མ་དྲན་པའི་སྐྱོ་བ་མི་འབྲི།
བུ་ཆུང་དྲན་པའི་ལོ་རབས་ཀྱང་མི་བཤད།
 
ངས་མིག་ཆུའི་ཁྲོད་ཀྱི་ལྷ་སའི་ཁ་དོག་འབྲི་འདོད།
ལྷ་ས་དུར་ཁྲོད་ཡིན་པ་འབྲི ལྷ་ས་ལྷ་ས་ཡིན་པའང་འབྲི།
ལྷ་ས ལྷ་ས།
ཁྱེད་ཀྱི་ཚ་སྨུག་འཐིབས་པའི་མགོ་དཀྲིས་གཙང་མར་བཤུས་ནས།
འོད་ལམ་ལམ་གྱི་གདོང་རིས་འཛོམས་པོ་དེ་ཡང་བསྐྱར་འབྲི།
 
རྒྱ་ཕིབས་གཟི་མདངས་ཀྱིས་འཚེར་བའི་སྒོ་ཆེན་ཡངས་པོས།
མུན་པའི་འཇིགས་སྣང་གི་སྨྲེང་སྐྱོ་མཐའ་དག་དྭངས་པའི་དུས་སུ།
ནམ་ཡང་ངས་རང་ཉིད་འོད་དུ་འཚེར་བའི་མཆོད་མེ་ཞིག་ཏུ་བསྒྲོན་ཡོད།
གཡེར་དྲིལ་སིང་སིང་དུ་མཆེད་པའི་དབྱངས་རྟ་སྙན་མོས།
ཁེར་འགྲོའི་སེམས་ཁྲལ་བྱུང་བའི་ཉིན་ནས།
གཏན་དུ་ངས་རང་ཉིད་ཤམ་ཤམ་འཕུར་བའི་རླུང་རྟ་ཞིག་ཏུ་སྤར་ཡོད།
 
རྔམ་བརྗིད་ཕྲག་ཏུ་བཞེས་པའི་ལྷ་ས།
གཙུག་ལག་སྒྲོམ་ལ་བཅུག་པའི་ལྷ་ས།
དོ་ནུབ་ཁོག་མ་དམར་ཆིལ་ཆིལ་བྲུས་ཏེ།
རང་ཉིད་ལ་གཤག་བཅོས་ཐེངས་ཤིག་བྱ་རོགས།
སྙིང་གི་རྨ་ཁ་འདི་ནམ་ཡང་སོས་ཐབས་བྲལ་ནའང་།……
  • ལེ་ཚན་སྔོན་མ།: ཁེར་རྐྱང་བཀླགས་པ།
  • ལེ་ཚན་རྗེས་མ།:ལྷད་མེད་སེམས་ཀྱི་འབོད་སྒྲ།