སེམས་དང་སེམས་པའི་བར་ཐག

ཚེ་རིང་དབང་རྒྱལ།        2014-12-15

སྙིང་ཉེ་བའི་ཁྱེད།
སྟོན་ཟླ་བརྒྱད་པའི་སྦྱར་ལོ་དང་ལྷན་དུ།
ངའི་ཡིད་སེམས་ཀྱི་མཁའ་དབྱིངས་སུ་སྤུར་བྱུང་།
སེར་མདོག་གིས་བལྟམས་པའི་སྟོན་ལྗོངས་དེ།
ཁྱེད་དང་འུ་གཉིས་ཀྱི་ཐ་མའི་ཁྱིམ་གཞིས་ཡིན་ན།
རེ་འབྲས་ཀྱིས་བཀང་བའི་དབྱིག་འཛིན་མའི་ངོ་གདོང་ཧྲིལ་པོ།
ཁྱེད་དང་འུ་གཉིས་ཀྱི་ཐོབ་བྱ་ཉག་ཅིག་ཡིན་ན།
ངས་རི་མཐོན་པོ་ཞིག་གི་དབུ་རྩེ་རུ་འགྲེངས་ནས།
གསལ་ལྷང་ལྷང་གི་ཀི་སྒྲས་ཁྱེད་རང་འབོད་ཆོག་ལ།
ཐང་ཡངས་མོ་ཞིག་གི་སྤང་ཁུག་ཏུ་འགྲིམས་ནས།
སྐྱིད་ལྷང་ལྷང་ངང་ཁྱེད་རང་སྒུག་ཆོག
ཡིན་ནའང་།  སེམས་དང་སེམས་པའི་བར་ཐག
རི་ཆུ་སྟོང་གིས་མ་བཅད་ཅིང་།
ལ་ཀླུང་ཁྲི་ཡིས་མ་སྦྲེལ་མོད།
བར་ཐག་འདི།
ལས་དབང་གིས་ཁྱེད་ལ་གནང་བའི་སྐལ་བ་ཡིན་ནམ།
དཀོན་མཆོག་གིས་ང་ལ་བཅད་པའི་ཁྲིམས་ཆད་ཡིན།
གང་ལྟར་ཡང་།
སེམས་དང་སེམས་པའི་བར་ན།
རི་ཆུ་སྟོང་གིས་བཅད་པའི་ངལ་བ་ཡོད་ལ།
སེམས་དང་སེམས་པའི་བར་ན།
ལ་ཀླུང་ཁྲི་ཡིས་སྦྲེལ་བའི་སྡུག་བསྔལ་ཡོད།
གལ་ཏེ།  ལོ་ཟླ་ཕྱིར་ལྡོག་གི་མཐུ་ནུས་བདག་ལ་ལྡན་ན།
མ་འོངས་སྔོན་དཔག་གི་རྟོགས་པ་བདག་ལ་མངའ་ན།
ངས་མཚོ་མོའི་རྦ་རླབས་གོམ་པས་འཇལ་ནས།
ངས་རི་རབ་རྩེ་མོ་སྤུ་གྲིས་གཤགས་ནས།
ངེད་གཉིས་ལ་དབང་བའི་ཐང་ཡངས་མོ་ཞིག་ནས།
བརྩེ་དུང་གི་རྒུན་ཆང་བཏེགས་ཏེ་ཁྱེར་རང་སྒུག་ཆོག
ཡིན་ནའང་།  སེམས་དང་སེམས་པའི་བར་ཐག
རྒྱ་མཚོའི་རླབས་ཀྱིས་མ་བཀག་ཅིང་།
རི་བོའི་རྩེ་མོས་མ་སྒྲིབ་པས།
སེམས་པའི་ཟབ་ས་ན་ཙག་རླུང་གི་སྤུ་གྲིས་ཡང་ཡང་བསྣུན།
དྲན་པའི་ཐང་ཆེན་དུ་སྡུག་བསྔལ་གྱི་མེ་ལྕེ་འུར་འུར་འབར།
མདོར་ན།
སེམས་དང་སེམས་པའི་བར་ན།
དགའ་སྐྱོ་བདེ་སྡུག་གི་འཚོ་བའི་རྟགས་ཐམ་བཀོད་ཡོད་ལ།
ཆག་གྲུམ་ཤོར་བའི་སེམས་པ་ཞིག་གི
དབྱངས་རྟ་འཐོར་ཡོད་ཨང་།
  • ལེ་ཚན་སྔོན་མ།:ན་ཟླ་ཚོ། སོམས་དང་།
  • ལེ་ཚན་རྗེས་མ།:མཆོད་པའི་མེ་ཏོག