མཆོད་པའི་མེ་ཏོག

གཅན་རྨི་ལམ།        2014-12-18

བསོད་ནམས་དབྱར་གྱི་མཚོ་མོ་བརྡོལ་བ་ལས། །
ཀུན་མཁྱེན་གཉིས་པ་རྒྱལ་བ་ཙོང་ཁ་བའི། །
དྲི་མེད་རིང་ལུགས་ཁ་བའི་ལྗོངས་སུ་གསལ། །
བཀའ་དྲིན་གཞལ་དཀའི་བླ་མར་སྙིང་ནས་འདུད། །
གྲུབ་མཐའ་ཀུན་གྱི་མན་ངག་ཀུན་འདུས་པའི། །
ཞྭ་སེར་བསྟན་པའི་དགུང་ལོ་གཞོན་ན་ཡང་། །
འཕགས་བོད་པཎ་གྲུབ་ཀུན་གྱིས་མ་རྙེད་པའི། །
རྒྱལ་བའི་དགོངས་པ་ཇི་བཞིན་གསལ་བར་བཀྲལ། །
མཁས་དང་གྲུབ་པའི་རྩལ་ཀུན་ཡོངས་རྫོགས་པའི། །
མདོ་སྨད་ཙོང་ཁའི་ཡུལ་གྱི་རྒྱལ་སྲས་མཆོག །
ད་ལྟ་དགའ་ལྡན་ཞིང་དུ་བཞུགས་ཀྱང་རུང་། །
བསྟན་པའི་འོད་ཟེར་སྲིད་གསུམ་ཁྱོན་ལས་བརྒལ། །
སྣ་ཚོགས་ཚུལ་གྱི་མཛད་བཟང་ཉིན་རེ་བཞིན། །
དྲི་མེད་རྒྱལ་བའི་བསྟན་པ་གནས་ཕྱིར་དང་། །
འགྲོ་རྣམས་མཐར་ལམ་ཟིན་པར་དགོངས་ནས་ནི། །
མཛད་བཞིན་མཆིས་པའི་བླ་མར་སྙིང་ནས་འདུད། །
འཛམ་གླིང་མཁས་པ་ཀུན་གྱི་རྩེར་སོན་པའི། །
འཛམ་གླིང་མཛེས་བྱེད་ཕུལ་བྱུང་སེམས་དཔལ་ལ། །
འཛམ་གླིང་འདི་ཡི་མཁས་རྣམས་མགྲིན་གཅིག་ཏུ། །
འཛམ་གླིང་འདི་ཡི་སྟོན་པ་གཉིས་པར་བསྔགས། །
མགོན་པོ་ཁྱེད་ཀྱི་མཛད་པའི་ཆ་ཙམ་ལ། །
སྟོང་གསུམ་སྟོང་གི་རྡུལ་ཕྲན་རེ་རེ་ཡང་། །
ལྗགས་ཀྱིས་སྤྲུལ་ཏེ་བསྐལ་བར་རབ་བརྗོད་ཀྱང་། །
རྫོགས་པར་མི་ནུས་དེ་རིང་ག་ལ་ནུས། །
བདག་སོགས་དེང་ནས་སྐྱེ་བ་ཐམས་ཅད་དུ། །
ཁྱེད་ཞབས་ཟིན་ཅིང་ཁྱེད་གསུང་ཐོས་པ་ཡི། །
གནས་མཆོག་དམ་པ་དགའ་ལྡན་ཞིང་ཁམས་དེར། །
རིང་མིན་མྱུར་ཏུ་མཇལ་བར་བྱིན་གྱིས་རློབས། །
འདི་ལས་བྱུང་བའི་དགེ་བ་ཕྲ་མོ་ཡང་། །
མ་གྱུར་སེམས་ཅན་ནད་ཅན་མགོན་མེད་པ། །
མགོན་རྙེད་ནད་ཀུན་སེལ་བའི་རྒྱུར་བསྔོས་ན། །
དེ་ལྟར་འབྱུང་ལ་བླ་མ་ཁྱེད་རང་མཁྱེན། །
  • ལེ་ཚན་སྔོན་མ།:སེམས་དང་སེམས་པའི་བར་ཐག
  • ལེ་ཚན་རྗེས་མ།:རྗེ་ཙོང་ཁ་པ་ལ་བསྟོད་པ་དོན་ལྡན་ངག་གི་མཆོད་པ།