རྗེ་ཙོང་ཁ་པ་ལ་བསྟོད་པ་དོན་ལྡན་ངག་གི་མཆོད་པ།
རྨ་ཆུ།(རོང་བརྩོན།) 2014-12-18
བློ་ཆེན་རྒྱལ་བའི་སྤྱན་སྔ་རུ། །
ཐུགས་བསྐྱེད་སྨོན་ལམ་བཟང་པོའི་མཐུ། །
ཡོངས་སྨིན་མདོ་སྔགས་བསྟན་པའི་དར། །
གྲགས་པས་མངོན་བསྒྲེངས་མགོན་དེར་འདུད། །
མཚན་བཟང་གསེར་གྱི་པདྨོའི་ལྗོན། །
ཙོང་ཁའི་ཡུལ་དུ་འཛུམ་པའི་ཚེ། །
བདེ་གཤེགས་སྐུ་གཟུགས་འབུམ་བཞད་པ། །
བཀྲ་ཤིས་མཚན་མ་དང་བཅས་འཁྲུངས། །
འཇམ་དཔལ་སྙིང་བོས་ལུང་བསྟན་བཞིན། །
ཀུན་དགའི་མཚན་འཆང་མགོན་པོ་འདི། །
བསྟན་འགྲོའི་གཉེན་དུ་འགྱུར་དགོངས་ནས། །
དོན་འགྲུབ་རིན་ཆེན་ཞབས་ལ་གཏུགས། །
དེས་ཀྱང་སྨན་གྱི་ལྗོན་པ་བཞིན། །
ཉེར་འཚེ་མེད་པར་བསྐྱངས་བྱས་ནས། །
ཡོན་ཏན་འདབ་སྟོང་གྲོལ་པ་ན། །
དབུས་གཙང་ཆོས་ཀྱི་ཞིང་ལ་ཕེབས། །
མདོ་རྒྱུད་འོ་མའི་སྙིང་བོ་ཆེ། །
མཁྱེན་རབ་ཟབ་མོའི་འཕྲུལ་གྱིས་བཞེས། །
ཐུབ་བསྟན་མཁའ་ལ་དབང་བྱེད་པའི། །
ལུགས་བཟང་འཁོར་ལོས་འཇིག་རྟེན་གནོན། །
ལེགས་བཤད་རྩོམ་ལ་སྐལ་ཆེན་པོས། །
སྔོན་མེད་གྲགས་པའི་མདོ་སྔགས་ཀྱི། །
འགྲན་བྲལ་ཟླ་མེད་བསྟན་བཅོས་རྣམས། །
སྲིད་ཞིའི་སྙིང་པོ་གཅིག་པུར་སྒྲུབས། །
བཀའ་པོད་བརྒལ་བརྟགས་རྩོད་པ་ཡིས། །
གྲྭ་བསྐོར་མཛད་པ་མཐར་ཕྱིན་པས། །
ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡི། །
མཚན་གྱི་ཅོད་པན་དབུ་ལ་མཛེས། །
འཆད་པས་རྟེན་འབྱུང་རང་དབང་དུ། །
འདོམས་ལ་སྤོབས་པ་མཆོག་བརྙེས་པས། །
སངས་རྒྱས་མཛད་པ་བྱེད་པ་རུ། །
ལུང་བསྟན་ཆུ་བུར་མིག་ལ་སྣང་། །
རྒྱ་ཆེན་མང་ཐོས་ནོར་འཛིན་གཞིར། །
བསླབ་གསུམ་རིམ་གཉིས་ཀླུང་བརྒྱ་འཁྱིལ། །
གཞན་ཕན་འཕྲིན་ལས་རླབས་ཕྲེང་གིས། །
ཐུབ་བསྟན་མཚོ་ཆེན་ཅི་ཡང་མཛེས། །
ཕལ་གྱིས་ཕྱེ་མིན་ལྟ་སྒོམ་གྱི། །
བ་ཀུ་ལ་ཡི་འདབ་བརྒྱ་བ། །
གདམས་པ་སུམ་སྒྲིལ་འགྲམ་ཆང་གིས། །
དགེ་ལྡན་དགའ་ཚལ་རྒྱས་པར་བྱས། །
མཛེས་སོ་མཁའ་ལ་ཉི་ཟླའི་སྣང་། །
འོད་ཟེར་སྤྲོ་བཞིན་ཅི་ཡང་རྒྱུ། །
ཁྱེད་ཀྱི་ལྷུན་འགྲུབ་འཕྲིན་ལས་ཀྱང་། །
ས་གསུམ་འགྲོ་ལ་འདི་བཞིན་ནོ། །
རྫིང་ཕྱིའི་བྱམས་པ་བཞེངས་པ་དང་། །
ཇོ་ཤག་དབུ་བརྒྱན་བསྒྲོན་པ་དང་། །
གཉལ་ལུང་ཆོས་འཁོར་བསྐོར་བ་སོགས། །
དུས་གསུམ་རྒྱལ་བའི་མཛད་པ་མཛད། །
ཟླ་མེད་གསུང་སྐྱེས་མཁས་གྲུབ་ཚོགས། །
གསེར་རིའི་ཚུལ་དུ་ཕྲེང་བསྒྲིག་པས། །
རྣམ་དག་ཙོང་ཁའི་རིང་ལུགས་ཞེས། །
སྙན་པས་འོག་མིན་བར་ཡང་འགེངས། །
མགོན་ཁྱོད་བསྟོད་པའི་དབྱངས་སྙན་པོ། །
དད་གསུམ་མགྲིན་པའི་སྦུབས་ལས་བསྒྲགས། །
གསོལ་འདེབས་སྙིམ་པའི་ཐལ་མོ་ཡང་། །
བདེ་ཆེན་འཁོར་ལོའི་ཏོག་ཏུ་ཟུམ། །
ཚེ་རབས་ཀུན་ཏུ་དགེ་བའི་བཤེས། །
ཁྱོད་མིན་སྐྱབས་གཞན་མི་འཚོལ་བས། །
རྒྱལ་བའི་བསྔགས་པའི་ལམ་བཟང་དང་། །
སྐད་ཅིག་མི་འབྲལ་བྱིན་གྱིས་རློབས། །
ནམ་མཁའ་ཟད་པར་མ་གྱུར་དང་། །
འགྲོ་བ་ཇི་སྲིད་གནས་ཀྱི་བར། །
ཁྱོད་ཀྱི་མདོ་སྔགས་བསྟན་པ་ཡང་། །
དེ་སྲིད་བར་དུ་གནས་གྱུར་ཅིག །