ན་ཟླ་ཚོ། སོམས་དང་།

ལུང་འབྲོག་རིན་ཆེན་རྒྱལ།        2014-12-08

ཀ་ཁ་དབྱངས་གསལ་སོ་བཞིའི་སྡེབ་སྦྱོར་གྱིས། །
ཁ་མཚར་ཀུ་རེ་མ་ཡིན་དྲང་པོའི་གཏམ། །
ག་ལེར་གནས་ལུགས་བཟང་པོའི་བསླབ་བྱ་འདི། །
ང་ཡི་མཆེད་གྲོགས་ན་ཟླའི་ཚོགས་ལ་སྦྱར། །
ཅ་ག་ནོར་ལ་དུངས་པའི་དེང་གི་དུས། །
ཆ་ལུགས་གཞན་ལ་སྨོན་པའི་གཞོན་སྐྱེས་ཚོ། །
ཇ་ཆང་ཁོ་ནའི་ལོངས་སྤྱོད་ལ་མ་གཡེངས། །
ཉ་བཞིན་ཤེས་བྱའི་མཚོ་མོར་རྐྱལ་བར་རེམས། །
ཏ་ལའི་ཤིང་བཞིན་རིན་བྲལ་ལང་ཚོ་འདི། །
ཐ་ཆད་སྙིང་མེད་བྱ་བར་དབྱིངས་མ་ཞུགས། །
ད་ལྟའི་མཚར་སྡུག་གསེར་གྱི་ལང་ཚོ་ལ། །
ནང་བཅུད་རིག་པའི་རྒྱན་ཆ་སྤྲོད་དང་ཀྱེ། །
པ་ཕ་ཨ་མའི་གཅེས་ཕྲུག་ནོར་བུ་ཚོ། །
ཕ་མེས་སྲོལ་རྒྱུན་ཡ་རབས་བཟང་པོའི་ལུགས། །
བ་མོས་མེ་ཏོག་བཞིན་དུ་མ་བཅོམ་པར། །
མ་དོར་རྒྱུན་འཛིན་གནང་དང་ཨ་རོགས་ཚོ། །
ཙ་རི་ལ་སོགས་དབེན་གནས་ཁྱིམ་དུ་བསྟེན། །
ཚ་གྲང་དཀའ་ཐུབ་བཟོད་པའི་བཙུན་ཆུང་ཚོ། །
ཛ་ཡའི་གསུང་རབ་སྡེ་སྣོད་རྒྱ་མཚོ་ལ། །
ཝ་ལེར་བརྩོན་པའི་གྲུ་ཆུང་བསྟེན་དང་ཀྱེ། །
ཞ་ཞོར་མིག་མདུན་ཁོ་ནའི་བདེ་སྐྱིད་བསམ། །
ཟ་རི་ཟི་རིའི་ངང་ནས་ལང་ཚོ་ཟད། །
འ་འུར་མི་ཚེའི་ཕྱེད་ཀ་ཡོལ་བའི་ཚེ། །
ཡང་ཡང་འགྱོ ད་ཀྱང་མི་ཕན་བསམ་བློ་ཐོངས། །
ར་རིའི་དྲི་མས་སྦགས་པའི་གྲོགས་ངན་ལ། །
ལ་རྒྱའི་སྙིང་གཏམ་གླེང་བཞིན་དུས་མ་འདའ། །
ཤ་རུས་སེམས་ཀྱིས་བཏེགས་པའི་ཕུང་པོ་འདི། །
ས་སྟེང་འགྲོ་བར་སྨན་པའི་དོན་ལ་འབུངས། །
ཧ་གོ་གནས་ལུགས་གསེར་གྱི་གོང་བུ་ལ། །
ཨ་མཚར་དབྱངས་གསལ་སོ་བཞིའི་རྒྱན་སྤྲས་ཏེ། །
ཧ་ཧ་མདོ་མེད་འཁྱམ་པོ་ཞིག་གིས་བྲིས། །
ཨ་ལ་རྣམ་དཔྱོད་ཅན་ཚོས་དཔྱད་པ་མཛོད། །
  • ལེ་ཚན་སྔོན་མ།:མཁར་རྫོང་རྣོན་པོ།
  • ལེ་ཚན་རྗེས་མ།:སེམས་དང་སེམས་པའི་བར་ཐག