ཤ་ཚ་བའི་གཏམ།
རྣམ་གླིང་རིན་ཆེན 2011-05-19
ཁེ་སྤོགས་ཚོང་ལ་དགའ་བའི་ཚོང་གཉེར་ཚོ། །
མནོག་ཆུང་བྱ་བར་ཞེན་ཆགས་མི་སྐྱེ་བར། །
དགེ་བའི་རྩ་བ་ཡིད་ལ་ཟུངས་གྱུར་ནས། །
ཁྲིམས་མཐུན་དྲང་བདེན་ཚོང་གཉེར་གྱིས་ཤིག་ཨང་། །
ལོངས་སྤྱོད་འབྱོར་པ་ཕྱུག་པའི་སྦྱིན་བདག་ཚོ། །
འཇུང་སེམས་འཚོ་བར་ཨུ་ཚུགས་མི་བྱེད་པར། །
རིགས་རྒྱུད་གཅིག་པའི་ཉམ་ཐག་སྐྱེ་བོ་ལ། །
རང་ཤུགས་ཅི་ནུས་ཕན་བདེ་སྒྲུབས་ཤིག་ཨང་། །
གོ་ས་དབང་ཐང་ཅན་གྱི་དཔོན་ཆེན་ཚོ། །
སྒེར་དོན་འབའ་ཞིག་དོན་གཉེར་མི་བྱེད་པར། །
མཐོན་པོའི་ཁྲི་ལ་འགྱིང་བ་དམངས་ཀྱི་དྲིན། །
སེར་སྐྱའི་ཚོགས་ལ་ཞབས་འདེགས་ཞུས་ཤིག་ཨང་། །
མཐའ་ཡས་ཞིང་ཐང་ཁུལ་གྱི་ཨ་ཁུ་ཚོ། །
ཕྱུག་འགྱུར་ལམ་བཟང་སྟེང་ལ་ཕེབས་འདོད་ན། །
ལྟ་བ་མཁྲེགས་འཛིན་རྨོངས་ཚོད་སྤངས་གྱུར་ནས། །
ཚན་རིག་ལག་རྩལ་གོང་འཕེལ་ཁྱབ་བརྡལ་གྱིས། །
མུ་མེད་རྩྭ་ཐང་དབུས་ཀྱི་ཨ་ཕོ་ཚོ། །
དོན་མེད་གང་བྱུང་སེམས་ཅན་སྲོག་མ་གཅོད། །
ཨ་ཕོའི་སྙིང་ནོར་འཚོ་རྟེན་ནོར་ལུག་ཡིན། །
དངུལ་སྒོར་ཁོ་ནའི་ཆེད་དུ་མ་གསོད་རོགས། །
བྱ་བཞིན་འཕུར་བའི་རླངས་འཁོར་ཁ་ལོ་བ། །
དངུལ་ལོར་ཚེ་སྲོག་དབྱེ་འབྱེད་ཐ་དད་མཛོད། །
འགྲིམ་འགྲུལ་སྒྲིག་སྲོལ་བརྩི་སྲུང་ནན་ཏན་གྱིས། །
རང་གཞན་བདེ་འཇགས་འགན་ལེན་མཛོད་ཅིག་ཨང་། །
འཁྲུག་ཆ་དོད་པའི་ཁྲོམ་གཞུང་མུ་ཏོ་བ། །
མཐེ་བོང་སྒྲེངས་ནས་མི་ཚེ་མི་སྟོང་བར། །
རང་ལ་འཚམས་པའི་བྱ་བཞག་དོན་གཉེར་ངང་། །
བདེ་སྐྱིད་འཚོ་བ་རང་གིས་གསར་གཏོད་གྱིས།།
ལས་ལ་བརྩོན་པའི་གདོང་དམར་སྤུན་ཟླ་ཚོ། །
འདུ་འཛི་རྙོག་རྫིང་ནང་དམེར་མ་ཞེན་པར། །
ཞི་བདེ་ལྷིང་འཇགས་འཆམ་མཐུན་སྤྱི་ཚོགས་སྟེང་། །
བོད་འབངས་དཔུང་པ་མཉམ་གཤིབ་མདུན་དུ་སྐྱོད། །