འགྱུར་མེད་གྲོགས་མཆོག་དྲན་གླུ།
པད་མ་སྐྱབས་ཀྱིས། 2011-04-12
རྒྱུ་སྐར་མཁའ་ལ་བཀྲ་བའི་མཚན་མོ་ཡི་དུས་སུ།།
ལྷ་ལམ་མཐོངས་སུ་རྒྱུ་བའི་ཟླ་ཤེལ་གྱི་དབང་པོས།།
འཛུམ་ཞལ་རང་མདངས་གསལ་པོ་ཕྱོགས་བཞི་རུ་ངོམ་དུས།།
འགྱུར་མེད་གྲོགས་ཀྱི་འཛུམ་མདངས་དབང་མེད་དུ་དྲན་འོང་།།
ཚང་ཚིང་གཡུ་ལོ་རྒྱས་པའི་ནགས་ཚལ་གྱི་ཀློང་ན།།
ལྡེམ་མྱུར་གཤོག་རྩལ་ངོམ་པའི་བྱིའུ་ཆུང་གི་འཇོལ་མོས།།
སྙན་འཇེབས་ངག་གི་དབྱངས་རྟ་ལྷང་ལྷང་ངང་སྒྲོག་དུས།།
འགྱུར་མེད་གྲོགས་ཀྱི་གསུང་སྙན་དབང་མེད་དུ་དྲན་འོང་།།
ཤེས་རིག་འོད་སྟོང་འཕྲོ་བའི་གངས་ཅན་གྱི་ལྗོངས་འདིར།།
དགེ་མཚན་གསར་དུ་རྒྱས་པའི་དཔྱིད་དཔལ་གྱི་ལྷ་མོས།།
ཡིད་འོང་སྐྱེད་ཚལ་ཡངས་པོར་གསོན་ཤུགས་རང་སྩོལ་དུས།།
འགྱུར་མེད་གྲོགས་ཀྱི་རང་གཤིས་དབང་མེད་དུ་དྲན་འོང་།།
དྲན་གདུང་ངག་ཏུ་ཟློས་པའི་དྲི་མེད་ཀྱི་དབྱངས་རྟ།།
གྱེས་བྲལ་སྐྱོ་གདུང་མཆི་མའི་བཞུར་རྒྱུན་ལ་འདྲེས་སོང་།།
མ་བཅོས་བརྩེ་བ་ཟབ་མོའི་རྒྱ་མཚོ་ཡི་ངོགས་སུ།།
གྲོགས་ཁྱོད་གཏན་དུ་བདེ་བའི་སྨོན་འདུན་ཞིག་ཞུའོ།།