ཡིད་ཀྱི་གངས་རི་དཔག་ཚད་བྱེ་བའི་གཅོང་ལ་ཉིལ།
ལྷ་རྒྱལ་ཚེ་རིང་། 2011-04-11
དང་པོ།
ཕ་མཐའ་ཡས་པའི་ནམ་མཁའི་གདོང་ལ་གློ་བུར་ཉིད་དུ་དུད་སྤྲིན་གཏིང་བ།
ཅི་འདི་གང་ཞེས་མཐོངས་སུ་ཕྱོགས་ཚེ་གང་དེས་མི་སྨྲའི་བརྟུལ་ཞུགས་འཛིན།
གཉིས་པ།
འབྱམས་སུ་ཀླགས་པའི་ས་ཆེན་ཁྱོད་ཉིད་ཅིའི་ཕྱིར་ཡང་ཡང་ཤུབ་བུར་བཤུམས།
ཕྱོགས་སུ་བཞུར་བའི་མཆི་མའི་ཆུ་ཀླུང་སྐྱེ་དགུའི་བཞིན་རས་སྙིང་ཁོང་བརྒྱུད།
གསུམ་པ།
སྟོན་གྱི་ལྗོན་ཤིང་ལོ་འདབ་ཡོད་ཚད་མདང་ནུབ་རླུང་བུས་ས་ལ་བསྙིལ།
ད་ནི་ཤུགས་རིང་ངུད་མོའི་དབྱངས་ཀྱིས་སྲང་ལམ་ཀུན་ཏུ་ལྷབ་ལྷུབ་སྐྱོད།
བཞི་པ།
ཀྱི་ཧུད་ངེད་ཅག་ཡིད་ཀྱི་མཚོ་ཆེན་སྡུག་བསྔལ་གདུང་བས་དྲག་ཏུ་བསྐྱོམས།
མྱ་ངན་རླབས་ཕྲེང་དབྱིངས་སུ་འཕྱོ་བཞིན་མགོ་བོ་དག་གིས་བྲག་ལ་རྡེབ།
ལྔ་པ།
དེ་ལ་ཁོ་བོའི་སེམས་པའི་ཁམས་ན་གཏད་དུ་ལྷུན་ཞིང་བརྗིད་པ་ཡི།
འོད་དུ་འཚེར་བའི་རབ་དཀར་གངས་རི་དཔག་ཚད་བྱེ་བའི་གཅོང་ལ་ཉིལ།
དྲུག་པ།
མུ་འབྲེལ་རི་ལུང་བྲག་དང་ཕུག་པར་མི་བཟད་ཆོ་ངེའི་སྒྲ་ཡིས་ཁེངས།
ས་གཡོ་རླུང་ངུ་མི་སྔངས་རྟ་འཚེར་འདབ་ཆགས་དག་ཀྱང་ཐང་ལ་ལྷུང་།
བདུན་པ།
གཡུ་རལ་གསིག་ཅིང་གད་རྒྱངས་སྒྲོག་པའི་གངས་སེང་སླར་ཡང་གངས་རིར་འཐིམ།
རྨོངས་རྟུལ་སོ་ཅན་ཀླད་རྒྱ་འགེམས་མཛད་རིགས་པའི་སྡེར་ཕྲེང་ཤུལ་བཞག་གནང་།
བརྒྱད་པ།
སྣང་ངོ་ཞིག་ལ་ཁྱེད་ཀྱི་ཞལ་འཛུམ་ཉམས་སྟབས་ད་དུང་མདུན་ན་བཞུགས།
རྣ་ལམ་དུའང་ཁྱེད་ཀྱི་བཞད་སྒྲ་ཁྱེད་ཀྱི་ཞལ་གདམས་ལྷང་ལྷང་གྲགས།
དགུ་པ།
ཀྱེ་ཀྱེ་ཁྱོད་ཉིར་གཞར་ཡང་ཁྱད་འཕགས་སྙན་ངག་ཚུལ་གྱིས་གསོན་པར་འགྱུར།
ཀྱེ་ཀྱེ་ཉིད་ཀྱི་སྙིང་སྟོབས་ཕུགས་འདུན་ང་ཚོའི་སྲོག་ལ་ཞུགས་པར་ངེས།