ཐོར་བུའི་ཚིགས་བཅད་ཀྱི་ལམ་ནས་བདེན་དོན་འཚོལ་བའི་ལམ་བུ།
ཉན་ཤུལ་མཁྱེན་རབ་འོད་གསལ། 2014-09-04
འཛམ་གླིང་འགྱུར་བ་ནམ་མཁའི་གློག་ལྟར་མྱུར། །
བོད་མིའི་བསམ་པ་རི་བོ་བཞིན་དུ་བརྟན། །
འགྱུར་བའི་རང་བཞིན་བཟློག་མེད་ཆོས་ཉིད་དུ། །
མ་རྟོགས་བོད་མིའི་གྱོང་གུན་བསམ་མི་ཁྱབ། །
འཇིག་རྟེན་འགྱུར་བ་དུས་བཞིའི་འགྲོས་དང་མཚུངས། །
དེ་ལ་ཡ་མཚན་སྐྱེ་བའི་གནས་མེད་ཀྱང་། །
རང་ཡུལ་ཀུན་གྱི་རྗེས་སུ་ལུས་པ་དེ། །
མ་རྟོགས་སྙིང་གི་ནད་ལ་སངས་དུས་མེད། །
སྐྱེ་བོ་ཕལ་ཆེར་སྙན་པའི་ཚིག་ལ་དགའ། །
བོད་མི་ཕལ་ཆེར་སྒྲོ་བཏགས་གཏམ་ལ་དགའ། །
དཔྱོད་ལྡན་རྒན་པོ་དངོས་མའི་གཏམ་ལ་དགའ། །
བྱིས་པ་ཆུང་ངུ་སྒྲུང་གཏམ་ཉན་ལ་དགའ། །
རེ་འགའ་འཛུམ་པའི་མདངས་སྟོན་ཞིང་། །
རེ་འགའ་ཁྲོ་བའི་སྡང་མིག་ལྟ། །
གཡོན་ཅན་གཅིག་ཏུ་མ་ངེས་པའི། །
མིག་འཕྲུལ་རྙིང་བ་དུས་ལས་ཡོལ། །
མཐོང་དང་ཐོས་པའི་རྒྱ་ཁྱོན་རང་ཡུལ་ཙམ། །
ཕུགས་ཀྱི་བསམ་པ་ཧྲིལ་པོ་སྒེར་གྱི་དོན། །
ཁ་ནས་བཤད་ཚད་སེམས་ཅན་ཀུན་གྱི་དོན། །
འགྱུར་བ་ཐབས་ཅད་དུས་ངན་རྟགས་སུ་འདོད། །
མི་གང་དགའ་བའི་དངོས་པོ་གང་ཡིན་པ། །
དེ་ཡིས་དེ་ཉིད་དབང་དུ་མ་འདུས་མེད། །
རེ་ཞིག་རང་འདོད་བཞིན་དུ་སྒྲུབ་པ་ཡི། །
གཡོན་ཅན་ལས་ལ་མགོ་བོ་མཁོར་ཞིག
བདག་ལས་གཞན་གཅེས་དམ་པའི་ལྷ་ཆོས་དང་། །
དགྲ་འདུལ་གཉེན་སྐྱོང་འཇིག་རྟེན་མི་ཆོས་གཉིས། །
མི་མཐུན་ཟུང་དུ་སྦྲེལ་བའི་བྱ་བ་དེ། །
མེ་ཆུ་སྣོད་གཅིག་བཞག་དང་ཁྱད་ཅི་མཆིས། །
སྐད་བརྒྱ་ཤེས་ཀྱང་མང་བའི་སྐྱོན་མེད་ཀྱང་། །
ཕ་མས་བསླབས་པའི་རང་སྐད་དོར་བ་འདི།།
མ་འོངས་རིགས་ཀྱི་སྲོག་ཕྲ་མོ་དེ། །
ཆད་པའི་སྔ་ལྟས་ཡིན་པ་ཤེས་པར་གྱིས། །
བོད་མི་ཕལ་ཆར་གཤིས་དྲང་དཔའ་ངར་ལྡན། །
ཐོག་མར་གཤིབ་དཀའ་འདྲིས་ན་ཨ་གསར་ཆུང་། །
ལས་འབྲས་རྩི་ཞིང་དམན་ལ་སྙིང་རྗེ་ཆེ། །
ལྷག་པར་ཆོས་ལ་སྙིང་ནས་དད་ཞེན་ཆེ། །
གཏུམ་དྲག་ཅན་གྱི་དགྲ་བོའི་དྲག་རྩུབ་ལ། །
ལན་བརྒྱར་ཕམ་ཡང་སྙིང་སྟོབས་མི་ཞུམ་ཡང་། །
ཆོས་དད་ཆེ་མདོག་ཁ་བའི་ཆོས་གཏམ་གྱིས། །
མགོ་བོ་སྐོར་བ་གྲངས་ཀྱི་ག་ལ་ཆོད། །
དེས་ན་ལོ་སྟོང་རིང་གི་ཉམས་མྱོང་རྣམས། །
ཁ་ཙམ་མིན་པར་སེམས་ལ་ལེགས་བཞག་སྟེ། །
རུས་དཀར་བདུད་མོའི་སྤྲུལ་བསྒྱུར་ཟློས་གར་ལ།།
ཐང་ཟན་བཞིན་དུ་མགོ་བོ་མ་འཁོར་ཅིག །
སེམས་ཀྱི་འཆར་སྒོ་གཅིག་ཏུ་མི་མཐུན་ཀྱང་། །
གཞན་གྱི་བཤད་པར་མ་རེད་བརྗོད་པ་ལས། །
གང་བཤད་རེད་ཅེས་བརྗོད་པ་ཤིན་ཏུ་སྙན། །
རང་གི་འདོད་པ་རང་གི་སེམས་ལ་ཞོག །
དམ་པའི་ཆོས་སྒོར་ཞུགས་པའི་ཉིང་དགོས་ནི། །
རང་གཞན་ཐར་ལམ་འཚོལ་བ་ཁོ་ནའི་དོན། །
ཆོས་བརྒྱད་དང་དུ་ལེན་པ་སྲིད་པའི་ལུགས། །
དམ་པའི་ཆོས་དང་ཟུང་དུ་ཇི་ལྟར་སྦྲེལ། །
ཕ་ཡུལ་ཕ་སྐད་བརྗེད་པའི་གོམས་གཤིས་དང་། ། ཕ་མ་བཙོག་པར་ལྟ་བའི་འདུ་ཤེས་དང་། །
རང་རིགས་རྒྱབ་ཏུ་བསྐྱུར་བའི་བསམ་པ་སྟེ། །
འདི་གསུམ་འཛོམས་པ་རིགས་ཀྱི་རྐང་འདྲེན་ཡིན། །
འཇིག་རྟེན་གསར་གཏོད་བྱས་པའི་བྱས་རྗེས་དང་། །
གོ་ལ་བཙོག་པར་བཟོས་པའི་ཉེས་པ་གཉིས། །
གང་ལ་མེད་པའི་བོད་མི་ཉམ་ཆུང་དག །
དབེན་པའི་གནས་སུ་གདོད་མའི་འཚོ་བ་རོལ། །
མི་གྲངས་རྫོགས་མཐའ་མེད་པའི་གཟི་བརྗིད་དང་། །
སྐྱེ་རྒྱུན་འགོག་ལ་བརྩོན་པའི་བྲེལ་ཟིང་གཉིས། །
གང་ལ་མེད་པའི་བོད་མི་གླེན་པ་དག །
རང་སྣང་སྐྱིད་པའི་གཏམ་ལ་རང་མགོ་འཁོར། །
དཔལ་འབྱོར་ཡར་རྒྱས་ཕྱིན་པའི་སྤྲོ་ཉམས་དང་། །
ཡར་རྒྱས་ཚད་ལས་བརྒལ་བའི་ཉེན་ཁ་གཉིས། །
གང་ལ་མེད་པའི་བོད་མི་དབུལ་པོ་དག །
རེ་བའི་ངང་ནས་རང་གི་མི་ཚེ་སྐྱེལ། །
བཟའ་བཏུང་རྒྱ་མཚོར་བཤོ་བའི་ཡོད་ཉམས་དང་། །
གཅེར་བུ་སྲང་ལམ་ཉལ་བའི་སྐྱོ་ཉམས་གཉིས། །
གང་ལ་མི་ལྡན་བོད་མི་བསམ་མེད་ཚོས། །
རང་གི་ཡུལ་དུ་རང་འཐབ་རང་གསོད་བྱེད། །
ཆོས་ལྡན་རྒྱལ་ཁབ་འཇིག་རྟེན་ཀུན་ཏུ་ཡོད། །
ཆོས་སྲིད་ཟུང་འབྲེལ་བོད་ཀྱི་ཡུལ་དུ་དར། །
ཆོས་ལྡན་ཙམ་གྱིས་རྒྱལ་ཁབ་མི་ཉམས་ཀྱང་། །
ཟུང་དུ་འབྲེལ་བས་གཉིས་ཀའི་ནུས་པ་ཤོར། །
བླ་བྲང་རྒྱུ་ནོར་འཛོམས་པ་དང་། །
བླ་སྤྲུལ་སྐུ་ཤ་རྒྱག་པ་དང་། །
གསང་ཡུམ་དབང་ཆེན་རྒྱན་དང་ལྡན། །
བསྟན་པ་རྒྱས་པའི་རྟགས་ཡིན་ནམ། །
བླ་བྲང་བྲག་ཕུག་སྟོང་པ་དང་། །
མི་ལ་སྐུ་ཤ་རིད་པ་དང་། །
རྒྱུ་ནོར་ཁོག་མ་གཟར་བུ་བཅས། །
བསྟན་པ་རྣམ་དག་རྒྱས་པའི་རྟགས། །
འཁོར་བ་རྒྱབ་ཏུ་བསྐྱུར་བའི་ཆོས་བྱེད་དང་། །
འཇིག་རྟེན་ཆོས་བརྒྱད་སྒྲུབ་པའི་ཆོས་པ་གཉིས། །
ཕྱི་ཚུལ་ཆོས་པའི་གཟུགས་བརྙན་འདྲ་ན་ཡང་། །
དོན་ལ་སྨན་དང་དུག་གི་ཁྱད་པར་ཙམ། །
ཚེ་གང་དབེན་པའི་རི་སུལ་འགྲིམ་པ་ཡི། །
ཆོས་པ་རྣམ་དག་སྲིད་པའི་རྒྱན་རབ་ཡིན། །
འདུ་འཛིའི་ཁྲོད་དུ་ཚོང་པ་དང་འདྲ་བའི། །
ཆོས་པའི་གཟུགས་བརྙན་འབུམ་གྱིས་དོ་ཟླ་མིན། །
ཐབས་མཁས་སྤྱོད་པས་གཞན་དོན་སྒྲུབ་པའི་ཚེ། །
ལྟར་སྣང་ཆོས་པའི་གཟུགས་དང་མི་མཐུན་ཡང་། །
འགྲོ་མང་བདེ་ལ་འགོད་པའི་རྒྱུ་ཡིན་ན། །
ཉེས་པ་མེད་པར་འགྲོ་བ་འདྲེན་པས་གསུངས། །
དངོས་པོའི་འཚོ་བ་ཕྱི་ཡི་བདེ་སྐྱིད་ཙམ། །
དོན་དམ་བདེ་བ་རང་སེམས་སྐྱིད་པ་ཡིན། །
བདེ་སྐྱིད་སེམས་ཀྱི་རྩ་བ་རང་དབང་སྟེ། །
དེས་ན་རང་དབང་རིན་ཐང་གཞལ་དུ་མེད། །
སྔོན་བསྐྱོད་རྗེས་ལུས་མིང་གི་ཐ་སྙད་གཉིས། །
ཕན་ཚུན་ལྟོས་གྲུབ་ཡིན་གྱི་བདེན་གྲུབ་མིན། །
ཡེ་ནས་སྔོན་བསྐྱོད་ཡིན་པའི་སྤྱི་ཚོགས་དང་། །
གཏན་དུ་རྗེས་ལུས་ཡིན་པའང་ག་ལ་ཡོད། །
ལྷག་བསམ་དག་པས་ཡིན་ནམ་མིན་ཡང་རུང་། །
སྔོན་ཐོན་མཁན་གྱིས་རང་ལ་གཤེ་བའི་ཚེ། །
དེ་ལ་རྒྱུ་མཚན་ཡོད་མེད་མི་དཔྱོད་པར། །
འཕྲལ་དུ་ཁྲོ་བ་བླུན་པོའི་རང་རྟགས་ཡིན། །
གལ་ཏེ་གཞན་གྱིས་རང་ལ་གང་སྨྲས་པའི། །
མི་སྙན་གཏམ་དེ་སྨ་འབེབས་ཡིན་ཡང་རུང་། །
རེ་ཞིག་དེ་ལ་ཁྲོ་བ་སྤངས་བྱས་ཏེ། །
རང་ཉིད་ཡོན་ཏན་ལྡན་ལ་བརྩོན་པར་མཛོད། །
དྲང་པོ་མེས་པོའི་ཚངས་ཐིག་ཅེས་པ་ཞིག །
གལ་ཏེ་ག་ཤེད་ཡོད་ན་དེ་ཙམ་ལས། །
དེ་མིན་ས་གཞི་ཧྲིལ་པོ་འདི་ཡི་སྟེང་། །
ལྷད་མེད་དྲན་བདེན་ཡོད་མེད་དཔྱད་པའི་ཡུལ། །
གནམ་འོག་དབང་དུ་བསྡུ་པའི་ཧམ་སེམས་དང་། །
འཛམ་གླིང་ཞི་བདེར་འགོད་པའི་ཁ་ཕོ་གཉིས། །
གཅིག་ཤོས་བདེན་ན་གཅིག་ཤོས་རྫུན་ཡིན་པས། །
སུ་ལ་ཡིད་ཆེས་གང་ལ་བདེན་པར་འཛིན། །
སློང་མོའི་ཟས་ཀྱིས་འཚོ་བའི་རང་དབང་དང་། །
ཅི་དགར་ལོངས་སུ་སྤྱོད་པའི་གཞན་དབང་གཉིས། །
བདེ་བ་དམ་པ་གང་གི་ཐོག་ཏུ་གནས། །
དཔྱོད་ལྡན་རྣམས་ཀྱིས་དོན་འདི་འཚོལ་བར་རིགས། །
སྣང་ཚུལ་སྒྱུ་མའི་སྤྲུལ་བསྒྱུར་སྣ་ཚོགས་ཀྱང་། །
གནས་ཚུལ་རྟོགས་པས་མགོ་བོ་མི་འཁོར་ཞིང་། །
རིགས་ཀྱི་བསམ་པ་རང་གི་སྲོག་ལྟར་གཅེས།།
དེ་འདྲའི་བོད་གཞོན་བོད་ཡུལ་ཀུན་ཏུ་ཁྱབ། །