དབྱར་གཞུང་གི་འབྲོག་སྡེ།

རྫ་ཆབ་སིལ་མོ།        2014-08-12

རི་སྒང་སྨུག་སྨུག་ཅིག་ནས། །
གླིང་བུ་ལྷང་ལྷང་བུས་ནས། །
སྨུག་པ་བན་བུན་དེ་ལ། །
ངག་གི་རླབས་རིས་ཕབ་ཡོད། །
 
མཚོ་མོ་དྲུག་དཀར་མེ་ལོང་། །
རླབས་ཕྲེང་རི་མོ་རང་བྱུང་། །
དུང་བའི་འོད་ཀྱིས་འཁྱུག་པ། །
ཉི་ཟླའི་གུར་ཁང་ཡིན་འགྲོ། །
 
སྒོ་དར་ཁྲ་བོ་ཞིག་ལ། །
རླུང་གིས་སྐད་ཆ་ལབ་པས། །
སྨུག་ཆུང་སྦྲ་གུར་ནང་ནས། །
སྲོག་ཅིག་ངུས་ཏེ་སད་བྱུང་། །
 
མི་སྨུག་སོ་དཀར་ངོམ་པ། །
སོ་ཞོ་འཛུམ་གྱིས་ངོམ་པ། །
མིག་རྩ་དམར་ཞེད་ཅན་དེས། །
བསང་ཞིག་ལྷ་ལ་བཏང་བྱུང་། །
 
བཞོ་ལུང་ཕྲ་ཤན་ཅན་ཞིག །
པང་ནས་འོད་ཀྱིས་ལྡེམ་མེར། །
འབྲི་མོའི་འགྲམ་དུ་ཙོག་པའི། །
བཞོ་དབྱངས་ལྷོད་ཀྱིས་གྲོལ་བ། །
 
ལྕི་བའི་གོམ་འགྲོས་གཉོམ་པོས། །
མེ་ཏོག་ཟེའུ་འབྲུ་དཀྲུག་ཞོར། །
གཡང་དཀར་སྔོན་ལ་འཁོར་བའི། །
གཞས་ཆུང་སྙན་མོ་ཅན་དེ། །
 
སྔོན་སངས་མཁའ་ལ་དཀར་བའི། །
ཆུ་འཛིན་ལྷུན་པོ་སྤུངས་པ། །
དལ་བུར་དབྱིངས་ནས་འཁོར་བ། །
རང་བྱུང་ཉི་གདུགས་སྣུམ་པོ། །
 
མཁའ་ལ་རྒྱུ་བ་མེད་ཅིང་། །
ཡིད་ནས་ཤར་རྒྱུ་བྱུང་བ། །
མུན་པའི་ཁྲོད་དུ་འཛུམ་པའི། །
སྙིང་གི་དྲི་མེད་ཟླ་བ། །
  • ལེ་ཚན་སྔོན་མ།:དུང་སེམས་ཀྱི་རེ་འབོད།
  • ལེ་ཚན་རྗེས་མ།:ཐོར་བུའི་ཚིགས་བཅད་ཀྱི་ལམ་ནས་བདེན་དོན་འཚོལ་བའི་ལམ་བུ།