དུང་སེམས་ཀྱི་རེ་འབོད།

ཞོ་ར་བློ་བཟང་བཀྲ་ཤིས།        2014-08-11

དྲི་བྲལ་སྟོན་གྱི་ལྷ་ལམ་ཡངས་པོར་རྒྱུ་སྐར་སྣ་བརྒྱའི་མེ་ཏོག་བཞད།།
འོད་དཀར་ཟེགས་མ་ལམ་ལམ་འགྱེད་པའི་དུང་ཟླ་གསར་པའི་སྒེག་འགྲོས་མྱུར། །
གསེར་གྱི་སྡོང་ལོ་རླུང་དང་འགྲོགས་ནས་ཤག་ཤག་ཐོར་བའི་རྡོག་སྒྲ་གསལ། །
ཕྱིར་དྲན་རི་མོ་ཐོད་ལ་གཉེར་བའི་མི་ཧྲེང་ང་ཡི་གོམ་སྟབས་འཁྱོར།།
 
སྟོང་འཇགས་རི་ལུང་གཉིད་དུ་ཡུར་ནས་སྒོ་ཁྱིའི་ཟུག་སྐད་རིམ་གྱིས་ཡལ། །
སྲིན་བྱ་འུག་པའི་ཐན་སྐད་རིང་མོ་ཕ་གི་རྫ་རིའི་བྲག་ལས་མཆེད། །
མི་མཐོང་སྨག་རུམ་སྟུག་པོའི་ཁྲོད་དུ་ཁྱོད་ཀྱི་བདེ་སྡུག་བསམ་ཐེངས་རེར། །
བདག་སེམས་མཁའ་རུ་སྡུག་བསྔལ་སྤྲིན་འཁྲིགས་མིག་ལས་མཆི་མའི་ཟིལ་ཐིགས་ལྷུང་། །
 
སྙན་ངག་ཚིག་གི་སྐྱེས་བཟང་བསྣམས་ཏེ་ཉིན་མཚན་དབྱེར་མེད་ཁྱོད་ལ་བསྒུགས། །
གསོལ་འདེབས་རླུང་རྟ་མཁའ་རུ་སྤུར་ནས་ལྷ་ཚོགས་མྱོས་པའི་ཆོ་ག་བརྩོན། །
དྲིན་ཆེན་ཕ་མར་སེམས་དང་ལྡན་ན་བུ་མོ་ཚོང་རྟེན་ག་ལ་བྱེད། །
ང་ཡི་སྙིང་སྡུག་དྲན་པའི་ཐིག་ལེ་ཁྱོད་ཀྱི་ལས་དབང་སུ་ཡིས་རྟོགས།།
 
མཛའ་འབྲེལ་མེ་ཏོག་གཅིག་ཏུ་བཞད་པའི་བྱིས་དུས་གཡུ་ཡི་ནོར་འཛིན་མར། །
གཡང་དཀར་ལུག་གི་འབའ་སྒྲ་སྙན་ཞིང་གཙང་ཆབ་སྔོན་མོའི་འབབ་རྒྱུན་གསལ། །
འོན་ཏེ་འུ་གཉིས་རྨི་ལམ་འཁྱིལ་བའི་སྤང་ཁུད་ཁོ་ན་སྟོང་སིང་སིང་། །
ང་ཡིས་དཀར་ནག་རྡེའུ་སྒྲིག་བཞིན་ཁྱོད་ཀྱི་འཛུམ་དང་དགོད་སྒྲ་བཙལ། །
 
ངོ་གདོང་གཉེར་མའི་རླབས་ཀྱིས་བཟུང་ནས་སྐྲ་ལོ་ཁ་བའི་མདངས་ལྡན་ཡང་། །
ཚེ་སྲོག་གསེར་གྱི་སྲད་བུ་རིང་མོ་འཆི་བདག་རལ་གྲིས་མ་བཅད་ན།།
མི་ཧྲེང་འཁྱམས་པོའི་སེམས་ཀྱི་ལོངས་སྤྱོད་རྣམ་པ་ཀུན་ཏུ་ཁྱོད་ལ་དབང་། །
ཕེབས་ཤོག་བདག་གི་སྙིང་གི་དུམ་བུ་ཁྱོད་དང་ང་ཡི་འཇིག་རྟེན་ལ། །
  • ལེ་ཚན་སྔོན་མ།:མི་ཚེའི་རྐང་རྗེས།
  • ལེ་ཚན་རྗེས་མ།:དབྱར་གཞུང་གི་འབྲོག་སྡེ།