ལས་དབང་གི་མཚན་གཞུང་།

ཆོས་བཞིན།        2010-12-30

ཁྱོད་ཀྱིས་གཏམ་ཡན་ནམ་ཁ་བརྡ་གང་མང་ཞིག་གམ
མི་ཚོགས་ཀྱི་གཏམ་འཁྱར་བགྲང་ལས་འདས་པ་ཞིག་གིས
ངའི་ཐོབ་ཐང་གི་དཀར་ཡོལ་ལ་གས་ཁ་ཤོར
 
དྲང་མོར་བཤད་ན
ཡུན་རིང་ཡུན་རིང་ཞིག་ལ
ངས་གཏམ་ཡན་དང་མི་ཁ་ཁོག་ཏུ་བཅུག་སྟེ
ཁྱོད་ལ་གླེང་འདོད་དང་གསང་འདོད་ཀྱི་གཟེབ་ཏུ་ཚུད་ཀྱང
སླར་ཡང་ཅི་མི་སྙམ་པའི་མགོ་བོ་གཟེངས་སུ་བསྟད
 
འོན་ཀྱང
ང་རང་དོགས་སྣང་གིས་ཁྱོད་ལ་ཐེ་ཚོམ་སྐྱེས་ཤིང
རང་ཉིད་ཀྱི་ཡོད་ཚད་རྒྱབ་ཏུ་བོར་ཏེ
ཀུན་གྱིས་ཤོད་ཀྱིན་པ་ཐམས་ཅད   རང་གིས་ཐོས་མྱངས་པ་ཡོད་ཚད
སེམས་ཤུགས་དང་སྤོབས་པ་བསྐྱེད་དེ
སྙིང་ཁོང་གི་སྐད་ཆ་མ་ལུས     ཁྱོད་ཀྱི་རྣ་ལམ་དུ་གྱེར་འདོན་བྱས
 
སྐབས་དེར
ཁྱོད་ཀྱིས་དྲན་ལོག་དང་འདང་ལོག་གང་རུང་ཞིག་གིས
ཁོར་ཡུག་གི་མི་རྣམས་གཉིད་ལས་བསླངས་ཤིང
འུ་གཉིས་མི་ཁ་ཡི་རླུང་གིས་ཡང་བསྐྱར་གླིང་ལ་ཁུར
 
ཡང་གཅིག་བཤད་ན
ང་ལ་དོགས་སྣང་མེད་ན    ཁྱོད་རང་གཉིད་ལས་དཀྲོགས་མི་སྲིད་ལ
ཁྱོད་ཀྱིས་འདང་ལོག་ཅིག་མ་བརྒྱབ་ན འུ་གཉིས་ཀྱི་བར་ལ་གས་ཁ་དེ་ཙམ་ཞིག་ཤོར་ག་ལ་སྲིད
སྲིང་ཆུང་མ
 
ཚང་མ་དུས་ཚོད་ཀྱིས་ཁྱེར་ཟིན་པས
ཡོད་ཚད་བརྗེད་དུ་ཆུག  བོར་དུ་ཆུག་དང
ང་ཚོས་མཛའ་བརྩེ་ཡི་ལམ་བུ་གསར་བ་ཞིག་ལ
མཛེས་སྡུག་གི་དབུ་ཁྱུད་ཐོག་མ་འབྲི
 
གང་ལྟར    མ་གསང་བར་བཤད་ན
སྐད་ཆ་དེ་དག་གིས  
ང་བརླགས་སོང་ལ    ཁྱོད་ཀྱང་ཚར་སོང
མདོར་ན    དེ་དག་ཅི་ཞིག་ཡིན་རུང
འུ་གཉིས་ལ་སྔར་ལས་ལྷག་པའི་མིང་སྲིང་གི་མཛའ་བརྩེ་ཡོད་སྲིད
སྲིང་ཆུང་མ
 
 
  • ལེ་ཚན་སྔོན་མ།: ཞི་བདེའི་གླུ་དབྱངས།
  • ལེ་ཚན་རྗེས་མ།:ཁྱོད་དྲན་པའི་རེ་བ།