ཞི་བདེའི་གླུ་དབྱངས།

མཁས་གྲུབ་ཀྱིས།        2010-12-28

ཀ་དག་ཆོས་ཀྱི་གནས་ལུགས་རྟོགས་པའི་མཁས་པའི་དབང་པོ་མ་ཡིན་ཀྱང་། །
ཁ་བའི་ལྗོངས་ཀྱི་ནང་བསྟན་ཆོས་ལ་དད་སེམས་ཆེ་བའི་གྱི་ན་བས། །
ག་དུས་ཡིན་ཀྱང་སྙིང་ནས་སྨོན་ཞིང་སེམས་ནས་རེ་བའི་ཞི་བདེའི་གླུ། །
ང་ཅག་སྐལ་མཉམ་སྐྱེ་འགྲོ་ཀུན་ལ་ལྷག་བསམ་གྲེ་བའི་ལམ་ནས་འབུལ། །
ཀ་བ་མེད་པའི་ས་ཡི་གོ་ལ་ཕྱི་སྣོད་འཇིག་རྟེན་ཆེན་པོའི་ནང་། །
ཁ་དོག་མི་གཅིག་བཅུད་ཀྱི་སྐྱེ་བོ་ལས་ཀྱི་བྱེད་པོའི་བཀོད་སྒྲིག་ལྟར། །
ག་ས་གང་དུ་རང་གི་ཁབ་དང་རང་གི་རིགས་ཞེས་ཐ་དད་ཀྱང་། །
ང་ཡིས་བལྟས་ན་བདག་ཅག་ཐམས་ཅད་མི་ལུས་རིན་ཆེན་གཅིག་ཏུ་འཁུམས། །
ཅ་དངོས་སྟོབས་འབྱོར་དབང་ཐང་སྤྱོམས་ཏེ་འབུ་ཆེས་ཆུང་ཟོས་ལྟ་བུ་ཡིས། །
ཆ་ལུགས་མི་མཐུན་བྱ་བ་དག་ནི་དམག་དང་འཁྲུག་པའི་འབྱུང་རྩ་ཡིན། །
ཇ་ཆང་མཉམ་འཐུང་མཛའ་བརྩེའི་མཐུན་ལམ་འདྲ་མཉམ་གཉིས་ཕན་ཞི་བདེ་ནི། །
ཉ་དང་ཆུ་མོ་གཉིས་ཀ་བདེ་བའི་དགའ་སྐྱིད་ཕན་བདེའི་འབྱུང་རྩ་ལགས། །
ཅ་ག་འོས་པའི་རང་གི་སྲོག་ལ་སྲོག་ཆགས་གྲོག་མ་ཡིན་ཀྱང་གཅེས། །
ཆ་ཚང་སྨྲ་ཤེས་དོན་གོ་མི་ནི་སྐབས་འགར་སྲོག་ཆགས་ལས་ཀྱང་བླུན། །
ཇ་ཐུན་ཞིག་གི་དུས་ཡུན་ནང་དུ་མི་ཁྲི་མང་པོའི་ཚེ་སྲོག་བརླགས། །
ཉ་མོ་སྐམ་སར་ལུས་འདྲའི་ཉམ་ཐག་འཚོ་ཐབས་བྲལ་བས་བུང་བ་ཁེངས། །
ཏ་ལེར་གསལ་བའི་ལོ་རྒྱུས་བསླབ་བྱ་སྐྱེ་བོ་ཀུན་གྱིས་མ་བརྗེད་ཅིང་། །
ཐ་ཤལ་ཁྲེལ་བྲལ་ངོ་ཚ་མེད་རྣམས་བྱམས་དང་སྙིང་རྗེས་རྒྱུད་བརླན་ཏེ། །
ད་ཆ་འཛམ་གླིང་འཕེལ་རྒྱས་ཞི་བདེ་གཅིག་གྱུར་དམིགས་ཡུལ་ཆེན་པོའི་མདུན། །
ན་འཆི་ངེས་མེད་དམག་དང་འཁྲུག་པ་ནམ་ཡང་མི་ཡོང་སྙིང་ནས་སྨོན། །
ཏ་ཐ་ག་ཏར་དད་པ་མེད་ཀྱང་གཞན་ཕན་སྙིང་རྗེའི་ཀུན་སློང་དགོས། །
ཐ་རམ་མི་ལ་ཕུགས་བསམ་མེད་ཀྱང་གནས་སྐབས་འཚོ་སའི་ཁོར་ཡུག་དགོས། །
ད་ལྟ་གདོང་གཏུག་འཁྲུག་རྩོད་མེད་ཀྱང་ཞི་འཇམ་ཡུན་ནས་འཐབ་ཇུས་དགོས། །
ན་ནིང་གསོན་པ་བསོད་ནམས་ལགས་ཀྱང་ད་ལོའི་སྲོག་ལ་དོགས་ཟོན་དགོས། །
པ་དཀར་བགྲེས་སོང་འཆི་རྒྱུར་མི་སྐྲག་རང་གཞན་གཉིས་ཕུང་དམག་ལ་སྐྲག །
ཕ་མེས་རིག་དངོས་རྐུན་པོར་མི་སྐྲག་རང་མེད་མི་མེད་དམག་ལ་སྐྲག །
བ་གམ་ཁང་བཟང་ཐོག་ལ་མི་སྐྲག་རང་གཏོར་གཞན་གཏོར་དམག་ལ་སྐྲག །
མ་འོངས་འཇིག་རྟེན་མདུན་སྐྱོད་མི་སྐྲག་འཕེལ་རྒྱས་བར་ཆད་དམག་ལ་སྐྲག །
པ་ཊའི་རིས་མཛེས་དེང་རབས་གྲོང་ཁྱེར་དམག་གི་མདུན་དུ་འཇའ་ལུས་གྲུབ། །
ཕ་ལམ་གསེར་དངུལ་རིན་ཆེན་གཏེར་ཁ་དམག་གི་མདུན་དུ་རྩིས་མེད་གཏོར། །
བ་གླང་ཕྱུགས་དང་ས་ཞིང་གཤིན་པོ་དམག་གི་མདུན་དུ་རྣམ་ཤེས་ཡལ། །
མ་རུང་ལྟས་ངན་དམག་དང་འཁྲུག་པ་སྣོད་བཅུད་སྲོག་གི་གཤེད་མ་ལགས། །
ཙ་ཀུ་ར་སྐྱེས་རི་ལྟར་སྤུངས་ཀྱང་ཞི་བདེ་མེད་ན་ལུས་འདར་འདར། །
ཛ་ཡའི་བསྟན་པའི་ཆོས་ལ་ཞུགས་ཀྱང་ཞི་བདེ་མེད་ན་གྲི་འཕར་འཕར། །
ཝ་རྒྱ་བཀྲམ་འདྲའི་མཁར་རྫོང་བརྟན་ཀྱང་ཞི་བདེ་མེད་ན་ཡོ་འཁྱོམ་འཁྱོམ། །
ཙ་རི་ལ་སོགས་གདོད་མའི་ནགས་ཀྱང་འཁྲུག་པ་ལངས་ཚེ་མེ་འབར་འབར། །
ཚ་གྲང་སྙོམས་པའི་གནམ་གཤིས་དག་ཀྱང་འཁྲུག་པ་ལངས་ཚེ་སྨྱོ་འཚུབ་འཚུབ། །
ཛ་ཧུ་བུ་མོའི་བདུད་རྩིའི་རྒྱུན་ཡང་འཁྲུག་པ་ལངས་ཚེ་འདྲེ་ཤོར་ཤོར། །
ཝ་སོགས་རྩ་ཆེའི་སྲོག་ཆགས་རྣམས་ཀྱང་འཁྲུག་པ་ལངས་ཚེ་འཇའ་ཡལ་ཡལ། །
ཞྭ་ལྟར་མཐོ་བའི་གོ་སར་འགྱིང་ཡང་ཞི་བདེར་མི་དགའ་བླུན་པོ་ཡིན། །
ཟ་འཐུང་དཀོན་པའི་སྤྲང་པོར་གྱུར་ཀྱང་ཞི་བདེར་གཅེས་ན་མཁས་པ་ཡིན། །
འ་ཆད་འུ་ཐུག་ལུས་སྟོབས་ཉམས་ཀྱང་དམག་ལ་དགའ་བ་བདུད་རྒྱལ་ཡིན། །
ཡ་མེད་དྲག་རྩལ་དོ་ཟླ་བྲལ་ཀྱང་ཞི་བདེར་དགྱེས་པ་སངས་རྒྱས་ཡིན། །
ཞྭ་ལྷམ་དོར་ནས་ཝ་བྲོས་སྤྱང་བྲོས་དམག་དང་འཁྲུག་པའི་ལུས་རྩལ་ཡིན། །
ཟ་དབང་སྡོད་དབང་ཤོད་དབང་མེད་པ་དམག་དང་འཁྲུག་པའི་འཚོ་བ་ཡིན། །
འ་ལད་ཚན་རྩལ་དཔལ་འབྱོར་རྗེས་ལུས་དམག་དང་འཁྲུག་པའི་ཕུགས་བསམ་ཡིན། །
ཡ་རབས་ཕ་སྤུན་བཟའ་ཚང་བྲལ་བ་དམག་དང་འཁྲུག་པའི་མཇུག་འབྲས་ཡིན། །
རྭ་ཅོ་བསྣོལ་འདྲའི་འཁྲུག་རྩོད་སྤྲིན་པ་དུས་ཀྱི་རླུང་བུས་ཕར་ཕར་དེད། །
ལ་རྒྱ་ཟབ་པའི་ཞི་བདེའི་ཉི་མ་ཤར་རིའི་སྤོ་ནས་ཚུར་ཚུར་ཤར། །
ཤ་རྭ་ལྟ་བུའི་རིན་བྲལ་ཚེ་སྲོག་རྒྱང་ནས་རྒྱང་དུ་རིང་རིང་བསྲིངས། །
ས་གཞི་རིལ་མོ་བདེ་སྐྱིད་དགའ་སྟོན་བཀྲ་ཤིས་རི་མོས་མཛེས་གྱུར་ཅིག །
ར་བ་རྒྱ་མཚོ་སྔོན་པོས་བསྐོར་བའི་འཛམ་བུ་གླིང་གི་མི་རིགས་རྣམས། །
ལ་ཀླུང་སྟོང་གིས་རྒྱང་ཐག་ཆོད་ཀྱང་ཞི་བདེར་དགའ་བའི་ཀུན་སློང་གཅིག །
ཤ་ཚ་ཆེ་ཞིང་བློ་གྲོས་ལྡན་པ་འཇིག་རྟེན་སྐྲུན་པའི་བྱེད་པོ་སྟེ། །
ས་སྟེང་འགྲོ་བ་མིའི་རིགས་མཐུན་སྒྲིལ་གོང་བུ་གཅིག་ཏུ་འགྲིལ་གྱུར་ཅིག །
ཧ་ལས་འཕེལ་རྒྱས་མྱུར་ཚད་གློག་མདའི་རྗེས་སུ་འགྲོ་བའི་དུས་རབས་འདིར། །
ཨ་སྔོན་གནམ་དང་ཡང་དག་མཉམ་པའི་འཛམ་གླིང་ས་ཡི་གོ་ལའི་སྟེང་། །
ཧ་ཅང་མང་བའི་མི་རིགས་ཁག་དང་ཁྱད་པར་རྒྱལ་ཁབ་ཕན་ཚུན་བར། །
ཨ་མས་བུ་ལ་བཅངས་པ་ལྟ་བུའི་བརྩེ་སེམས་མདུད་པ་དམ་གྱུར་ཅིག །
ཧ་ནུ་མན་ཐའི་རྩལ་ལས་མགྱོ གས་པའི་དཔལ་འབྱོར་འཕེལ་རྒྱས་མེ་ཆེན་འབར། །
ཨ་ཡོད་ད་ཡོད་ཚན་རྩལ་མདུང་རྩེས་རང་བྱུང་གསང་བའི་ལྐོག་གྱུར་བརྟོལ། །
ཧ་ཧ་ཧི་ཧིའི་འཆམ་མཐུན་དགོད་སྒྲས་ནམ་མཁའ་རལ་ཞིང་ས་གཞི་འཁྱོམ། །
ཨ་ཤག་གནམ་འོག་ཀུན་ཏུ་ཁྱབ་པའི་འཛམ་གླིང་ཞི་བདེའི་བཀྲ་ཤིས་ཤོག །
  • ལེ་ཚན་སྔོན་མ།:རྨས་སྐྱོན་ཤོར་བའི་བརྩེ་དུངས།
  • ལེ་ཚན་རྗེས་མ།:ལས་དབང་གི་མཚན་གཞུང་།