རི་བོ་གངས་དཀར།

སྨིན་དབུས་པོ།        2016-09-06

༡ རི་དེ་གངས་དཀར་རི་བོ།
ཆུ་དེ་གངས་ཆབ་གཙང་མ།
འཇའ་ཟེར་འཁྲིགས་པའི་གུར་ཁང་།
མེ་ཏོག་འཛུམ་པའི་ལྡིང་ཁང་།
མཛེས་སྡུག་གི་གངས།
ལྷད་མེད་ཀྱི་ཆུ།
རི་བོ་གངས་དཀར།
འཛམ་གླིང་གི་ཤར་ན་མཛེས་སྡུག་ལྡན།
༢ རི་དེ་གངས་དཀར་རི་བོ།
ཆུ་དེ་གངས་ཆབ་གཙང་མ།
ཕ་ལོའི་ལོ་རྒྱུས་འབྲི་ས།
མ་ལོའི་གཤིས་ཀ་འཚོལ་ས།
བདེན་དོན་གྱི་གངས།
ཡ་རབས་ཀྱི་ཆུ།
རི་བོ་གངས་དཀར།
གནམ་སྔོན་གྱི་འོག་ན་མཐོ་ཞིང་བརྗིད།
༣ རི་དེ་གངས་དཀར་རི་བོ།
ཆུ་དེ་གངས་ཆབ་གཙང་མ།
དེ་རིང་ང་ཚོའི་སྤོབས་པ།
སང་ཉིན་ང་ཚོའི་རེ་སྙེག
སྤོབས་སེམས་ཀྱི་གངས།
རེ་སྙེག་གི་ཆུ།
རི་བོ་གངས་དཀར།
འཇིག་རྟེན་གྱི་ཁམས་ནས་འགྱུར་བ་མེད།

  • ལེ་ཚན་སྔོན་མ།:ང་ལ་སང་ཉིན་ཡོད་པས།
  • ལེ་ཚན་རྗེས་མ།:དགེ་རྒན་དུས་སྟོན་ལ་ཕུལ་བ་ཀ་ཕྲེང་སེམས་ཀྱི་དབྱངས་རྟ།