ལྗོན་ལོ་ལགས།

སྒང་བ་འདན་བུ།        2016-08-29

ཉིད་ཀྱིས་སྐྱོ་གདུང་གི་མཚམས་སྤྲིན་མནབས་ནས་ངའི་གོམ་འགྲོས་ལ་མི་བལྟ་རོགས།
འཇམ་མཉེན་གྱི་མཁུར་ཚོས་ལ་ལྷུང་བའི་སེར་ཐིག་དང་།
ཞི་དུལ་གྱི་རང་གཤིས་ལས་མངོན་པའི་མིག་ཟུང་གིས།
ངའི་རྒྱབ་ལ་བསམ་གཞིག་གི་རྡོག་ཁྲེས་བྲེ་གང་བཞག་པ་འདྲ།
ལྗོན་ལོ་ལགས།
ཉིད་ཀྱིས་མགོ་བོ་དུད་ནས་ངུ་ཤུམ་བྱེད་པའི་ངང་ཚུལ་ལས།
གྲང་རེག་དང་ཚ་ཟེར་གྱིས་གཅུན་པའི་སྡུག་བསྔལ་མངོན་ཡོང་།
ཞེན་ཆགས་ཀྱི་རལ་གྲིས་བསྣུན་པའི་ཨག་སྐད་ཐོས་ཡོང་།
འོན་ཀྱང་དེ་དག་ནི་མི་རྟག་པའི་ངོ་བོར་གྲུབ་པས་རེད།
ལྗོན་ལོ་ལགས།
ཉིད་ཀྱིས་རེས་མོས་སུ་འཁོར་བའི་ཉིན་ཞག་གི་བར་གླགས་ནས།
ཁ་རོག་གེར་བཤུལ་ཁ་ན་ལྷག་པའི་རྐང་རྗེས་དེ་མིག་གིས་མི་འཚོ་བར་ཞུ།
ལོ་ཟླས་རྒས་གཉེར་གྱི་རི་མོ་ཁུར་ནས་འབོད་ཀྱིན་མཆིས་པས།
ཁྱོད་ཀྱིས་མཐའ་ཡས་པའི་སྤང་ལྗོངས་ཀྱི་མེ་ཏོག་དང་།
ཁོད་ཡངས་པའི་མཁའ་དབྱིངས་ཀྱི་འཇའ་ཚོན་ལ་ལྟོས་དང་།
ཁྱོད་ཀྱི་སྣང་ངོ་ལ་སླར་ཡང་ལྗང་མདོག་གི་སོས་ཀ་སླེབ་སྲིད།

  • ལེ་ཚན་སྔོན་མ།:ཞིང་གྲོང་གི་གཟའ་ཉི་མ།
  • ལེ་ཚན་རྗེས་མ།:སྙན་རྩོམ་གསེར་འོད་མ།