ཞིང་གྲོང་གི་གཟའ་ཉི་མ།
འབའ་སེང་སྨྱོན། 2016-08-01
སླེབས་སྔ་བའི་དུས་ཚིགས་འདིར།
དཔྱིད་ཀའི་རྨོ་འདེབས་ཀྱི་ཚ་རླབས་འཕྱུར་ཞིང་།
སྐྱ་རེངས་དང་ལྷན་དུ།
ས་རྡུལ་དང་འཐབ་འཛིང་བྱེད་དུས།
མཚན་མོ་ཐུང་ཐུང་དེ་ནི།
ཞིང་གྲོང་ལ།
ལྷིང་འཇགས་འཁྱིལ་བའི་གཟའ་ཉི་མ་རེད།
དབྱར་གྱི་ཉི་འོད་མེ་ལྕེ་བཞིན་ས་གཞིར་བབས་ནའང་།
ལྡེམ་ལྡེམ་གཡོ་བའི་སྙེ་མའི་གསེབ་ཏུ།
རྔུལ་ཆུ་དང་སྐོམ་གདུང་མཉམ་དུ་འཐོར་དུས།
ཆར་བ་ཐེངས་ཤིག་བབས་པ་དེ་ནི།
ཞིང་གྲོང་ལ།
རང་བྱུང་གི་སྣང་ཚུལ་གྱིས་བསྩལ་བའི།
ཐོལ་བྱུང་གི་གཟའ་ཉི་མ་རེད།
སེམས་ཁྲལ་གྱིས་བསུས་པའི་སྟོན་ཁར།
ཡོད་ཚད་སྨིན་ཐག་ཆོད་པས།
རྔུལ་ཆུའི་ཞབས་རྗེས་ལ་འཛུམ་གྱི་རི་མོ་སྨིན་ཞིང་།
ལག་ཟུང་གི་སེར་ཀར་ཡང་དྲོད་ཐིག་ཅིག་འཁྱིལ།
ཟླ་ལྷག་ཅིག་འདས་རྗེས་ཀྱི།
ཤུགས་རིང་ནར་མོ་དེ་ནི།
ཞིང་གྲོང་གི
ཡུན་རིང་སྒུག་པའི་གཟའ་ཉི་མ་རེད།
ལྷབ་ལྷུབ་ཀྱི་ཁ་བས།
དགུན་གྱི་རི་ལུང་ལ་གཉིད་བཀྱགས་ཤིང་།
གྲང་རླུང་གི་སྤུ་གྲིའི་དབང་གིས།
ཆུ་མོའང་ཁུ་སིམ་མེར།
ཁུ་སིམ་པའི་ཁྲོད་འཕུར་བའི་གླུ་སྐད་དེ་ནི།
ཞིང་གྲོང་གིམགྲོན་པོ་ཞིག་ཕར་བསྐྱལ་ཞིང་།
མགྲོན་པོ་གཞན་ཞིག་ཚུར་ལ་བསུས་པའི།
གཞིས་བྱེས་ལྷན་འཛོམས་ཀྱི་གཟའ་ཉི་མ་རེད།