ལས་འབྲས་སྐྱིད། 2016-06-21
ཡ་ཐོད་ལ་བཏེགས་པའི་ཚོར་བའི་མུན་ལྗོངས་ན།
ཟླ་བ་མི་འདུག་ལ་སྐར་ཚོགས་ཀྱང་མ་མཆིས།
སེམས་པ་དང་རུམ་ཁ་གཅིག་ཏུ་དྲོ་བའི་མཚན་ལམ་དེར།
ཕྱི་རོལ་ན་ཙག་ལྡོམ་གྱི་རྔམ་ཁ་རྒོད།
ང་གཅིག་པུ་མི་ཡུལ་གྱི་རི་གྲོང་འདི་ནས།
རྨི་ལམ་གྱི་ཞིང་ཁམས་འགྲིམས་པའི་རླུང་བུ་ལྡོམ་པོ་ཞིག
མཚམས་འདིར། ལག་ཟུང་གཉིས་དལ་མོར་བྲང་ཁར་གླན་ནས།
ཚོར་བའི་གཏིང་རིམ་ཐེངས་ཤིག་ཉུལ་ན།
གཡང་གཟར་ལ་ལྷུང་བའི་བསམ་གཞིག་གི་མདའ་མོས།
སྐད་ཅིག་ཉིད་དུ་ཁྲག་གི་ལྟིང་ཀ་ཞིག་འཁྱིལ།
ཟླ་བ་དང་སྐར་མ་གང་ཡང་མི་སྣང་བའི་མཚན་མོ་དེར།
གློག་སྒྲོན་གྱི་ངོགས་ན།
ཤོག་བུ་དང་སྙུ་གུ་གཙུབ་བརྡར་གྱིས་འདར་བཞིན་འདུག
ལྷིང་འཇགས་དཀྲོགས་པའི་འདར་འགུལ་ཐེངས་ཤིག་གིས།
ཟག་བཅས་ཀྱི་ཕུང་བོ་འདི་མེ་ལ་འབར་ཞིང་།
ལྷོག་ལྷོག་ཏུ་གདུ་བའི་རུམ་ཁ་ནས།
སྙིང་གསོན་པའི་འཕག་འཚག་གི་སྨྲེ་ངག་འཇགས་མ་ནུས།
རྩོམ་གསར། 10