གངས་རིའི་ཆུ་ཕྲན། 2016-06-21
ངའི་ཕ་ཡུལ་ཉི་མའི་འདབས་སུ་ཡོད།།
དྲིན་ཕ་མའི་བཀའ་དྲིན་ཉི་མ་འདྲ།།
དགུང་ཉི་མའི་འཛུམ་མདངས་མ་ཡལ་ན།།
ང་བུ་ཆུང་སེམས་པ་ཇི་སྐྱིད་རེད།།
ངའི་ཕ་ཡུལ་གངས་རིའི་མཚམས་སུ་ཡོད།།
ནང་སྤུན་ཉེའི་ཐུགས་སེམས་གངས་རི་འདྲ།།
གངས་དཀར་པོའི་ཁ་དོག་མ་འགྱུར་ན།།
ང་བུ་ཆུང་སེམས་པ་ཇི་སྐྱིད་རེད།།
ངའི་ཕ་ཡུལ་གཙང་པོའི་འགྲམ་ན་ཡོད།།
འདྲིས་བྱམས་པའི་བརྩེ་དུང་གཙང་ཆབ་འདྲ།།
རིང་གཙང་པོའི་བཞུར་རྒྱུན་མ་ཆད་ན།།
ང་བུ་ཆུང་སེམས་པ་ཇི་སྐྱིད་རེད།།
ངའི་ཕ་ཡུལ་སྤང་རིའི་ཐང་དུ་ཡོད།།
གྲོགས་བཟང་པོའི་ཁོག་རྒྱ་སྤང་ལྟར་ཡངས།།
སྤང་སྔོན་པོའི་ཁ་དོག་མ་ལོག་ན།།
ང་བུ་ཆུང་སེམས་པ་ཇི་སྐྱིད་རེད།།
ངའི་ཕ་ཡུལ་སྤྲིན་དཀར་མཐིལ་ན་ཡོད།།
རང་བོད་མིའི་ཐུགས་སེམས་སྤྲིན་དང་འདྲ།།
སྤྲིན་དཀར་པོའི་རང་མདངས་མ་འགྱུར་ན།།
ང་བུ་ཆུང་སེམས་པ་ཇི་སྐྱིད་རེད།།
ངའི་ཕ་ཡུལ་མཚོ་ཡི་ལོགས་སུ་ཡོད།།
ངེད་བོད་མིའི་བློ་རིག་མཚོ་དང་འདྲ།།
མཚོ་སྔོན་པོའི་གཏིང་ཚད་མ་འགྱུར་ན།།
ང་བུ་ཆུང་སེམས་པ་ཇི་སྐྱིད་རེད།།
རྩོམ་གསར། 10