སློབ་གསོའི་ཚེ་སྲོག་ལ་བསམ་པའི་མྱི་སྐད།

ཆོས་བཞིན།        2016-01-07

——གསབ་ཁྲིད་ཀྱི་དོན་སྙིང་ལ་ཕྱི་མིག་ཐེངས་གཅིག་བྱས་པས་སྐད་ཆ་འདི་མི་བཤད་ཁ་མེད་བྱུང་།
མེས་པོའི་རོ་ཕུང་དུར་དུ་སྦས་ཀྱང་རྣམ་ཤེས་དབྱངས་གསལ་བར་ན་ངུ་།།
རྗེས་རབས་བུ་ཚའི་རུས་རྐང་བར་ན་ཡབ་མེས་སྟོང་གི་ཟུངས་ཁྲག་བདོག།
འོན་ཀྱང་གནམ་སའི་རྒྱ་ཁྱོན་མ་མཐོང་གོར་གོར་ཁྲི་ཆུང་སྲུང་མཁས་པའི།།
ཆུང་ཆུང་མི་ལུས་ཙམ་པོ་བ་དག་ཕ་མའི་རྐང་འདྲེན་ངོ་མ་རེད།།

ཕྲག་དོག་སྣང་བས་ཡོངས་སུ་བསྒྲིབས་པས་བླང་དོར་མིག་རྒྱ་དོག་པོར་བྱས།།
ལེགས་ཉེས་དཔྱོད་པའི་བློ་གྲོས་བྲལ་བས་ཕུ་ནུའི་མགོ་ལ་སྐྱག་པ་བཏང་།།
གཉེན་དང་ཉེ་བའི་མི་བུ་དག་ལ་སོས་མེད་སེམས་ཀྱི་རྨ་ཁ་བཞག།
མྱི་རབས་མྱི་རྒྱུད་བླ་རྩ་རྡུང་རྒྱུ་ཁ་རྗེ་དབང་ཐང་རྫོགས་རྒྱུ་བོ།།

ཡབ་མེས་གོང་མའི་རྣམ་ཤེས་འཁྲི་ས་རིན་ཆེན་སྲོག་གི་རྟེན་ས་སྟེ།།
བློ་དང་རྣམ་རིག་རབ་ཏུ་གསལ་བའི་ཆུང་ཆུང་བྱིས་པའི་མདུན་ལམ་ལ།།
དངོས་བརྒྱུད་གང་ནས་འཚེ་བར་བྱེད་པའི་ལོ་རྒྱུས་སྟོང་གི་གཏེ་བོ་དག།
རྣམ་ཤེས་ཁྲི་ཚོ་ཕྱི་མར་སོང་ཡང་དུར་ཁུང་ནང་ནས་ཁྱོད་ལ་ལྟ།།

ཕན་མ་ནུས་ཀྱང་གནོད་པར་བྱེད་པའི་དགོས་པ་གང་ཡང་མེད་མོད་ཀྱང་།། 
ཁ་ཡག་ཁོང་རྩོག་སྡེ་བའི་གྱོད་འདྲེ་ཕུ་ནུའི་མིག་གི་ཚེར་མ་བོ།།
ང་དང་ཁྱོད་ལ་ཡོན་ཏན་མེད་ཕྱིར་དམོད་སྨོད་ཚིག་ལས་ཅང་མེད་ཀྱང་།།
འཇིག་རྟེན་ལུགས་ཀྱི་ཡ་ལན་ཙམ་ཡིན་ན་གཞོན་སྟོང་གི་མགྲིན་ཚབ་ཡིན།།

གསབ་ཁྲིད་བྱེད་པ་ཁྲིམས་དང་འགལ་ན་ཙི་ནའི་ཕལ་ཆེར་བཙོན་མ་ཡིན།།
ཕ་སྐད་མ་ཡིག་སློབ་མ་རུང་ན་འཛམ་གླིང་བྱིངས་ཀུན་ཡིག་རྨོངས་ཡིན།།
སློབ་གསོའི་བྱ་བ་དགོས་མེད་ཡིན་ན་སློབ་གྲྭའི་མིང་ཡང་ཡོད་མ་ཡིན།།
གུས་རྟག་བརྩོན་པ་གལ་མི་ཆེ་ན་མཁས་པའི་གདམས་ངག་དོན་མེད་ཡིན།།

གསབ་ཁྲིད་བྱ་བའི་ལས་འདི་བགྱི་བ་མེས་པོའི་རེ་བ་གསབ་ཕྱིར་དང་།།
མི་རིགས་གཞན་གྱིས་མཐོང་ཆུང་བྱེད་པའི་སྙིང་གི་རྨ་ཁ་གསོ་ཆེད་དང་།།
རང་སྡེའི་ཡུལ་ལ་རིག་པའི་འོད་སྣང་ཉམས་མེད་རྟག་ཏུ་བརྟན་ཕྱིར་དང་།།
རང་ཉིད་གནས་འདིར་ཡུན་རིང་བསྡད་པས་འཚོ་བའི་ཟས་རིན་ཙམ་དུ་ཡིན།།

དེ་ནི་ཁྱོད་ཚོར་ཕན་པ་མེད་ཀྱང་གནོད་པ་སྤུ་ཙམ་མ་མཆིས་པས།།
དེ་ལ་རྒྱབ་རྟེན་རི་བཞིན་མེད་རུང་མར་འཐེན་གཏོར་བཤིག་བྱེད་དོན་ཅི།།
དེ་ལྟར་བྱ་འདོད་བསམ་པ་ཡོད་ཀྱང་ལག་ལེན་དངོས་སུ་ཕོད་དོན་ཅི།།
དེ་འདྲ་དྲན་པའི་མ་རབས་བློ་ཆུང་འདྲེ་ཡིས་བརླབས་སམ་གདོན་གྱིས་བསྒྱུར།།

འཛམ་གླིང་ལས་ཀྱི་ས་པ་ཟེར་བས་ད་ལྟའི་རྣམ་སྨིན་ད་ལྟ་སྨིན།།
ཆོས་སྐྱོང་སྲུང་མ་དྲང་བདེན་ཡིན་པས་གནོད་བྱེད་གཏེ་བོའི་སྙིང་ཁྲག་བཞེས།།
གཞན་གནོད་སྦྱོར་བ་རང་ལ་རྩུབ་ནས་ཚེ་བླ་སྲོག་གསུམ་ཆད་གྱུར་ཅིག།
བདེན་པའི་སློབ་གསོ་བསོད་ནམས་ཡར་འགྲོ་རྒྱལ་ཁའི་རྒྱལ་མཚན་སྒྲེངས་གྱུར་ཅིག།

མི་རིགས་བརླགས་པའི་ནག་ཉེས་སྤུང་ན་རི་རབ་གཏོས་ལས་ཡོངས་སུ་བརྒལ།།
སློབ་གསོ་བརླགས་པའི་རྩ་ལྟུང་མ་ལུས་རྒྱ་མཚོའི་མཐའ་ལས་བྲལ་བར་གྱུར།།
སྐད་ཡིག་བརླགས་པའི་ཉམས་ཆག་ཐམས་ཅད་ནམ་མཁའི་མཐའ་དང་མཉམ་པས་ན།།
ནག་ཉེས་གྱོད་གསུམ་ཁྱོད་ལ་ལོས་ཡོད་ཚང་ལོག་སྐྱ་ཕྱུར་གཏང་རྒྱུ་བོ།། 

དྲང་མོར་བཤད་ན་མྱི་མི་དགའ་ཞིང་དབྱིག་པར་ཁྱི་མི་དགའ་ན་ཡང་།།
སེམས་ཀྱི་སྐད་ཆ་ཁ་ནས་བཤད་ཡོད་ནོར་འཁྲུལ་ཡོད་ན་རང་གིས་འཁུར།།
གཏམ་བརྗོད་གསེར་གྱི་རིན་ཐང་ཅན་འདི་ཕ་ཡུལ་གཡང་གི་ར་བ་ཡི།།
རི་གྲོང་གྱ་ཡུལ་ཁམས་མདོ་བྱ་བར་ཉི་མ་ནུབ་རིར་ཡིབ་ཁར་བྲིས།།
  • ལེ་ཚན་སྔོན་མ།:ཁ་ཐག་ཉེ་བའི་ནམ་མཁའ།
  • ལེ་ཚན་རྗེས་མ།:ང་བུ་ཆུང་སེམས་པ་ཇེ་སྐྱིད་རེད།