ཉི་ཟླའི་པང་གི་སྐར་ཚོམ།

བེ་དུང་།        2016-06-02

ཕ་མའི་ཤ་རུས་ནས་འཕུར་བའི་ཁུ་ཁྲག་གི་གཤོག་པ་དཀར་པོ།
གཤོག་པ་འདིས་ནམ་མཁའ་ཚལ་བར་གཤགས་ནས་འཕུར་དགོས།
དེ་ནས།    ཐལ་རྡུལ་གྱི་ནམ་མཁའ་འདི་ཁྱེད་ཁོ་ནར་དབང་།
ཁ་བའི་མུན་འོབས་སུ་འཕྲོས་པའི་ཉི་ཟླའི་པང་གི་སྐར་ཚོམ།
སྐར་ཚོམ་དེ་ཕ་མའི་མིག་ཟུང་ལས་འོད་ཀྱིས་འཐོར་བྱུང་།
འོད་ཀྱི་གཤོག་པ་དེའང་ཁྱེད་ཚོ་རེད་བཞག
རེ་བ་ཁུར་བའི་ཁོད་ཡངས་པའི་རྩྭ་ཐང་གི་ལྗང་མྱུག་རློན་པ།
ཟིལ་བ་རེ་རེས་དབྱངས་གསལ་གྱེར་ཞིང་།
འདབ་མ་རེ་རེས་རྗེས་རབས་པའི་བདེ་སྡུག་གླེང་བའི།
ཤེས་རིག་གི་སྨྲ་ལྕེ་གསོན་པོ་དེ་ཁྱེད་ཅག་ཅི་ལ་མིན།
ཉི་ཟླའི་པང་གི་སྐར་ཚོམ།
གངས་ལྗོངས་ཀྱི་མིག་འབྲས་ཡག་ཤོས་ཡིན།
ཡི་གེའི་རོ་མངར་ཀྱིས་གསོས་པའི་རྣམ་ཤེས་ཀྱི་ཁྱུ་ཚོགས་ལགས།

  • ལེ་ཚན་སྔོན་མ།:ཉིན་མོ་འདིར། ཁྱེད་ཁོ་ནར་དབང་ངོ་།
  • ལེ་ཚན་རྗེས་མ།:དྲུག་གཅིག་བྱིས་པའི་དུས་ཆེན་ལ་ཕུལ་བའི་ཀ་བཤད།