དྲུག་གཅིག་བྱིས་པའི་དུས་ཆེན་ལ་ཕུལ་བའི་ཀ་བཤད།

དྷཱིཿ ཀུན་ཁྱབ།        2016-06-02

ཁ་བའི་ཡུལ་གྱི་བདེ་སྡུག་སྙིང་ནས་སོམས།།
ག་ལེར་རྗེས་ལུས་ཕ་ཡུལ་འཛུགས་སྐྲུན་དང་།།
ང་ཚོའི་རིག་གཞུང་མི་ནུབ་རྒྱུད་འཛིན་མཛོད།།
ཅ་ཅོའི་གཏམ་དང་བག་མེད་ཀུན་དོར་ནས།།
ཆ་ལུགས་ཚུལ་མཐུན་མེས་པོའི་སྲོལ་བཟང་སྐྱོང་།།
ཇ་མར་རྩམ་སོགས་བོད་ཀྱི་ཞིམ་ཟས་ལས།།
ཉ་ཤ་སོགས་ཀྱི་ཁ་ཟས་སྤོངས་བར་མཛོད།།
ཏ་རིན་གྱུར་ན་འབངས་ལ་སྙིང་བརྩེ་དང་།།
ཐ་དད་རིགས་ལའང་མཐུན་པའི་ལས་བཟང་དགོས།།
ད་ལྟའི་མི་ཡི་རྐང་རྗེས་ཟིན་པའི་ཕྱིར།།
ན་ཚོད་ཕྲ་ཡང་སློབ་ལ་འབད་པར་མཛོད།།
པ་ཚབ་ཉི་མ་གྲགས་ལྟར་མཁས་པ་དང་།།
ཕ་བོང་སྲ་མཁྲེགས་ཅན་ལྟར་སྙིང་རུས་དགོས།།
བ་མོ་ཉིན་ཤར་བཞིན་དུ་རྨོངས་དོར་ནས།།
མ་ལུས་འགྲོ་ལ་ཞི་བདེ་བསྐྲུན་པར་མཛོད།།
ཙ་རིའི་སྨྱུག་མ་ལྟ་བུ་དྲང་པོའི་ངང་།།
ཚ་ཟེར་ཅན་ལྟར་ཀུན་ལ་དྲོ་སྐྱིད་སྩོལ།།
ཛ་ཡ་ལྟ་བུ་ཀུན་ལ་ཕན་མཛད་ཅིང་།།
ཝ་ལེར་གསལ་བའི་ཕྱག་རྗེས་འཇོག་པར་མཛོད།།
ཞ་བོ་ལྟ་བུ་འཁུམས་ནས་མ་སྡོད་པར།།
ཟ་མ་ནོར་སོགས་གོང་དུ་སྤེལ་བ་དང་།།
འ་ཅག་ཕུ་ནུ་ནང་དམེ་མཚམས་བཞག་ནས།།
ཡ་རབས་མེས་པོའི་རྗེས་སུ་སློབས་པར་མཛོད།།
ར་བ་གངས་རི་ཅན་གྱི་མི་ཡིན་པས།།
ལ་ལུང་གང་དུ་ཕྱིན་རུང་བོད་མ་བརྗེད།།
ཤ་རུས་གཅིག་ལས་ཆད་པའི་སྤུན་ཡིན་པས།།
ས་ཕྱོགས་གང་དུ་གནས་རུང་གཅིག་ཕན་མཛོད།།
ཧ་ཧ་རིགས་ལ་དུང་བའི་ཀ་བཤད་འདི།།
ཨ་ཉོག་འགའ་ལ་ཕན་པ་སྲིད་སྙམ་ནས།།
ཧ་ཅང་གོ་སླའི་ངང་ནས་བཤད་པ་འདིས།།
ཨ་ཉོག་འདི་ཕྱིར་དགེ་བའི་རྒྱུར་གྱུར་ཅིག །

  • ལེ་ཚན་སྔོན་མ།:ཉི་ཟླའི་པང་གི་སྐར་ཚོམ།
  • ལེ་ཚན་རྗེས་མ།:ཁྱོད་ལ་དགའ་བའི་སེམས།