ཉིན་མོ་འདིར། ཁྱེད་ཁོ་ནར་དབང་ངོ་།
མར་ཁུ་རྒྱལ་མཚན། 2016-06-02
དུས་ཚོད་ཀྱི། ཐག་ཐག་གི་གོམ་སྒྲ།
ཇེ་གསལ་ནས་ཇེ་སྙན་ཡིན་པའི་སྐབས་འདིར།
ངས་ནི། ལོ་དང་ཟླ་ལ་རུམ་པའི་ཁ་བཏགས་དཀར་པོ་འདི།
ཁྱེད་ཀྱི་མགུལ་ལ་བསྒྲོན་ནས།
སྙན་ངག་ཅིག་གིས། སྙིང་གཏམ་ཞིག་གིས།
ཁྱེད་ཀྱི་དུས་ཆེན་ལ་རྟེན་འབྲེལ་ཞུའོ།།
ཉིན་མོ་འདི་ཁྱེད་ཁོ་ནར་དབང་བ་ཇི་བཞིན།
དེ་རིང་། ཁྱེད་ཀྱིས་ངག་གི་སྒོ་མོ་ཕྱེས་ནས།
སྤྲིན་དཀར་དང་རི་ཚོགས་ལ་གླུ་གཞས་གཏོང་འོས།
དེ་རིང་། ཁྱེད་གོས་ལྭ་གསར་བ་གྱོན་ནས།
ཆུ་མོ་དང་ནགས་ཚལ་ལ་ཞབས་བྲོ་འཁྲབ་འོས།
གཅེས་ཕྲུག་ཚོ། གནམ་ལ་སྐར་མ་བཟང་ཞིང་།
ས་ལ་དུས་ཚོད་བཟང་པའི་བཀྲ་ཤིས་ཉིན་མོ་འདིར།
ཁྱེད་རང་སྐྱིད་དགོས། ཁྱེད་རང་ངོམ་དགོས།
དེ་རིང་། ཁྱེད་ཁོ་ན།
མི་ཡུལ་གྱི་མེ་ཏོག་ཡིན།