ཁ་སང་། དེ་རིང་། སང་ཉིན།
བདུད་རྩིའི་ཉིང་བཅུད། 2016-05-27
ཁ་སང་ལེ་ལོའི་རྣམ་གཡེང་དབང་གིས་འདས།
དེ་རིང་ཅ་ཅོའི་སྣང་བ་ཕྲ་མོས་ཟད།
སང་ཉིན་རྨོངས་འཐོམ་ངང་ནས་སྒུག
ཁ་སང་དེ་རིང་སང་ཉིན་མི་ཚེ་ཡིན།
ཁ་སང་།མེས་པོའི་བཀའ་སློབ་རུས་པའི་གཏིང་ལ་སིམ།
དེ་རིང་།ཐམས་ཅད་བརྗེད་ནས་སྲང་ལམ་ཉི་མར་སྲོ།
སང་ཉིན།གང་ཡོང་མི་ཤེས་གཉིད་ཀྱི་རྒྱ་མཚོར་རོལ།
མི་ཚེ་དེ་ལྟར་ཟད་པ་སྐྱོ་གདུང་ལྷག་ཏུ་འབུད།
སེམས་བསམ་པའི་གཏིང་བ་རིང་མོ་ན།
ཚེ་དོན་ལྡན་ལས་ལ་འབད་བསམ་ཡང་།
ཕྱི་སྣང་ཚུལ་ཁྲ་ཁྲས་སེམས་པ་བསླུས།
ཡུན་ཐུང་བའི་མི་ཚེ་བརླགས་པ་སྐྱོ།
ཁ་སང་།ཨ་ཕས་བཤད་པའི་གསང་སྒྲུང་རིང་མོ།
དེ་རིང་།ཨ་མས་བཤད་པའི་རྣམ་རྟོག་སྦོམ་པོ།
སང་ཉིན།ངས་བརྩམ་པའི་ལོ་རྒྱུས་ཕྲ་མོ།
འདས་མ་ད་གསུམ་སེམས་ཀྱི་རྨ་ཁ་རྙིང་རུལ་མ།
སྤང་ལྗོངས་ཡངས་མོའི་ལྡིང་ག་ན།
ཆང་གི་སྨྱོ་ཧམ་གང་སར་ལྡིང་།
ཤོ་བཤད་རིང་མོའི་ངར་སྒྲས་རི་ཀླུང་དཀྲོགས།
འཆར་གཞི་ཟད་པའི་མི་ལུས་ཐལ་མདོག་ལ།
ཁ་སང་དེ་རིང་སང་ཉིན་ཡོད་ཀྱང་ཅུང་མི་སྤྲོ།
མི་ཚེ་རིང་ཡང་།ཁ་སང་དེ་རིང་སང་ཉིན་གསུམ་གྱིས་བསྐོར།
ཁ་ཕོ་དབང་ཐང་ཆེ་ཡང་།ཁ་སང་དེ་རིང་སང་ཉིན་གསུམ་གྱིས་གཡོགས།
མཁྲེགས་འཛིན་ཆེ་ཡང་ནམ་ཞིག་ཤོར་བའི་དུས་ཤིག་ཤར།
ཁ་སང་།མེས་པོས་བསྐྲུན་པའི་ཕ་གཞིས་དྲོན་མོ་ཡིན།
དེ་རིང་།ཕྱི་རབས་ང་ཚོས་གཏོར་སྐྱོན་ངང་ལས་གཅེས་འཛིན་མི་བྱེད་པས།
སང་ཉིན།གང་ལྟར་སང་ཉིན་ཞིག་ལ་དེ་ལྟར་བརླགས།
ཨེ་མ།འཁོར་གསུམ་འཁོར་ལུགས་དེ་འདྲ་ལ།
ཁ་སང་དེ་རིང་སང་ཉིན་གསུམ་ལ་ཨེ་མ་སྐྱོ།