ས་ག་ཟླ་བའི་མགྱོགས་བྲིས།

ཤིས་ཚང་ཚུལ་ཁྲིམས།        2016-05-19

 ས་འཛིན་ཤེལ་དཀར་ལྷུན་པོས་ཡོངས་བསྐོར་བའི། །
  སཱ་ལའི་རྐང་འཐུང་འཁྲིགས་པའི་དགའ་ཚལ་འདིར། །
  ས་འདིའི་མེས་པོའི་ཞབས་རྗེས་ཨ་མཱི་ཏས། །
  ས་ཀུན་ཤིས་པ་བསྒྲུབས་པའི་དཔལ་ལ་ལྟོས། །
    
  ས་གའི་ཟླ་ཚེས་གསར་བ་འཛུམ་གྲོལ་ཚེ། །
  ས་སྟེང་འདི་ཡི་ཆོལ་གསུམ་བོད་པ་སྤྱིས། །
  ས་ལ་བདེ་སྐྱིད་རི་མོ་རྟག་ཕྱིར་དུ། །
  ས་བཅུའི་འཇིག་རྟེན་མགོན་པོ་སྒྲུབ་པས་བྲེལ། །
    
  ས་འདིའི་མཚུངས་མེད་ནོར་བུའི་སྙིང་པོའི་ཁམས།།
  ས་མཐོའི་བཅུ་ཕྲག་ལང་ཚོའི་སྒེག་ལྡན་མས། །
  ས་འདིར་རིག་པའི་ཟློས་གར་སྒྱུར་བཞིན་དུ། །
  ས་སྟེང་སྐྱེ་དགུའི་བློ་གྲོས་གཏེར་དུ་གྲུབ། །
    
  ས་ཐོབ་རྒྱལ་སྲས་དམ་པའི་ཐུགས་བསྐྱེད་དང་། །
  ས་གསུམ་འགྲོ་བའི་བསོད་ནམས་ལེགས་སྨིན་པས། །
  ས་བཅུད་ལོ་ཏོག་དབྱིག་གི་མཛོད་འཆང་བར། །
  ས་ཡི་དགེ་མཚན་རྫོགས་ལྡན་དཔལ་ལ་འགྲན། །
    
  ས་ཁམས་ལོ་རྒྱུས་ཀློག་པའི་སློབ་བུ་དང་། །
  ས་ལམ་གྲུབ་མཐའ་རྩོད་པའི་ཆོས་གྲྭ་བ། །
  ས་ནས་རྒོལ་ལན་དྲག་ཆར་མི་འབེབས་པར། །
  ས་དཀྱིལ་གངས་རིའི་ཁྲོད་དུ་མཐུན་སྒྲིལ་གྱིས། །
    
  ས་ཚིགས་དུམ་བུར་བཅད་པའི་བྱང་ཐང་དུ། །
  ས་སྲུང་བདག་གིར་བཞེས་པའི་མི་རྒྱུད་འདིས། །
  ས་ཆུ་རྩོད་པའི་ཚེ་སྲོག་མི་གཏོང་བར། །
  ས་ཆེན་ཤེས་བྱའི་འོད་ལ་རྒྱང་ལྟ་བྱོས། །
    
  ས་གཤིན་དྲོད་གཤེར་ཕུན་ཚོགས་དགེ་མཚན་ལས། །
  ས་བོན་དུས་སུ་སྨིན་པའི་རྟེན་འབྱུང་བཞིན། །
  ས་འཛིན་གདོང་དམར་བོད་མིའི་དཔལ་ཡོན་ཟུང་། །
  ས་ལེ་སྦྲམ་གྱི་གཟི་འོད་འབར་གྱུར་ཅིག །
    
  སབ་སོབ་ཐོལ་བྱུང་ངག་གི་སྦྱོར་བ་འདི། །
  ས་ཡི་ཐིག་ལེ་མདོ་སྨད་ཀླུ་འགྲམ་ནས། །
  ས་སྒང་གཟུར་གནས་འདྲེན་བྱེད་གཟིགས་མོ་རུ། །
  ས་མཐའི་གཞོན་ནུ་ཞིག་གི་ངག་ལས་ཤོར། །

  • ལེ་ཚན་སྔོན་མ།:ས་ག་ཟླ་བ།
  • ལེ་ཚན་རྗེས་མ།:ཁ་སང་། དེ་རིང་། སང་ཉིན།