སེམས་པའི་ཐག་ཕྲེང་དགུ་འཐོར།

གཅན་ཚང་རིན་ཆེན་རྒྱལ།        2015-06-30

བརྩེ་བའི་མིག་གི་འུར་ཆ་བསྐོར་ན་ཁེར་རྐྱང་འུར་རྡོ་གང་ལ་འཕེན།།
ཚིག་གི་རྫི་བོས་གང་ཞིག་འཚོལ་ཡོང་ཀ་མ་ལ་འདྲའི་སྙིང་གྲོགས་སུ།།
སྐྱོ་བའི་འདབ་མ་ཕྱོགས་སུ་འཐོར་བས་མྱ་ངམ་ཐང་གི་ཡུ་མོ་ལྡོམ།།
རེ་བའི་ཟླ་བ་གྲོགས་སུ་མ་ཐུག་ཤར་གྱི་རི་བོ་རིག་སྟེ་དུབ།།
དུས་ཀྱི་བ་མོས་ཕུགས་རེ་བཅོམ་ཟིན་སེམས་པ་རིལ་ཟླུམ་རྩར་ནས་འཁངས།།
སུ་ཡི་འཛུམ་ཆུང་གནང་དང་མ་གནང་སོར་མོའི་ཐུག་འཕྲད་ག་དུས་ཡིན།།
ཚིག་གི་ཕོ་ཉའི་མགྲིན་པ་བརྣངས་ན་དུས་ཀྱི་བུ་མོ་རབ་ཏུ་ངུ་།།
དགུན་གྱི་རྒྱལ་མོ་ཚུར་ལ་ལོག་ཉིན་ཕྱིད་པའི་དྲན་ཤིང་ཤིན་ཏུ་ལྕི།།
དྲན་པའི་མཚོ་ཆུང་དར་ཁས་བསྒགས་ན་སྐོམ་པའི་ཉེའུའི་དངུལ་གཤོག་ཧྲེང་།།
སྐད་ཅིག་མི་སྡོད་འཁྱུག་པའི་དུངས་པ་རྫིང་ཆུ་གང་ལ་བརྟེན་དགོས་ཨང་།།
ལྗོན་པའི་ལག་བརྡ་ལྷུ་ཚིགས་གྱོང་ཚེ་ཆུང་འདྲིས་ལམ་ཕྱོགས་མི་ནོར་ཅི།།
ཤམ་ཤམ་ལྷུང་བའི་མིག་ཆུ་འདིས་ནི་འཁྲེང་བའི་ཡ་ཆུང་སོས་པ་དཀའ།།
བདེན་པའི་དཔྱིད་ཀྱི་ཁ་བ་སད་མིན་ཕྲད་པའི་གོམ་སྒྲ་གཡེར་པོ་ཡིན།།
ཆུ་དང་འོ་མའི་གཅིག་འདྲེས་བསམ་པ་དགུན་གྱི་ལྷགས་དང་ཐ་དད་པ།།
དུས་ཀྱི་སྙིང་རྩ་མཁྲེགས་པོར་སྐག་ཟིན་མནར་བའི་ཁལ་ཐག་ལྷོད་མ་ནུས།།
སྐྱོ་བའི་ཁུར་བོ་བཏེགས་ཀྱང་མ་ཐེག་གོམ་པའི་འདེགས་འཇོགས་ཁྱར་ཁྱོར་ཅན།།
ལམ་གྱི་ཞགས་པར་དམ་པོར་འཐམས་ནས་འགུལ་དང་མ་འགུལ་ལྕོགས་ཙམ་པས།།
འཇམ་པའི་དཔུང་ཤ་གཙུབ་ཅིང་བརྡར་ཏེ་གང་ལ་སྙེག་པའི་སོ་སྒྲ་འཆའ།།
སྨོན་པའི་འདུན་པ་མཐོ་ཡང་མ་མཐོ་གནམ་གྱི་བུ་གའི་མཐར་ཐུག་ན།།
དགྲ་ཡི་དུད་ཞགས་ལང་ལོང་གཡོ་བ་ཕྲན་ཚེགས་དོན་ཡང་ཡིན་ལས་ཆེ།།
ད་ནི་འཁྱམས་པའི་བརྟུལ་ཞུགས་འཛིན་པ་རང་སེམས་རང་གིས་གསོའམ་ཅི།།
རྣམ་དཀར་གཟུར་གནས་བརྟན་པའི་བྲང་ཁོག་མི་འགྱུར་ཀེ་ལ་ཤ་ཡི་གཟུགས།།
རྩོལ་བའི་གོམ་སྟབས་སྡུག་གིས་མ་ཁོགས་ལྷན་སྐྱེས་རིག་པས་བླང་དོར་རྟོགས།།
དྲང་བོའི་ངག་བཞིན་གསོང་ཚིག་བརྩི་བ་བ་གླང་མི་ཁྱུར་མི་མཉམ་མཉམ།།
གཡོ་སྒྱུའི་ངང་ཚུལ་འཛུམ་བག་སྐྱེན་པ་ཅོལ་ཆུང་བློ་ཡོ་དོ་ཡ་མིན།།
དུངས་པ་འོ་ཆུའི་ངང་ཚུལ་མིན་ན་ནང་གི་འདོད་པས་མི་འཐུས་ཤིང་།།
ཉི་ཤུ་དར་མས་འཁོར་འགྲོས་མ་འཁྱོལ་རང་སྐྱ་འཕར་བ་རྣམ་དཔྱོད་ཡིན།།
འཁོར་བའི་མཚོ་མོ་རྐྱལ་བས་མི་བཏུབ་ཅོལ་ཆུང་ང་ལ་མི་མཛའ་ཞིང་།།
ཁེར་རྐྱང་ཁུར་བོས་ཁད་ཀྱིས་གསོད་པ་སྡུག་བསྔལ་ནང་གི་སྡུག་བསྔལ་ལོ།།
ཕྱི་མིག་ལན་གཅིག་ད་གཟོད་བགྲད་པས་རང་ཉིད་རྒས་པ་ཡང་ཡང་དྲན།།
མཉེས་ཤིང་གཤིན་པའི་ལན་མཇལ་ཁག་པས་ད་ནི་འགྱོད་གདུང་ཤིན་ཏུ་ཆེ།།
འཁོར་ལྕགས་རྣོན་པོས་བརྡར་ཐེངས་མང་ན་ཁྱོད་ཀྱིས་ང་ཡི་འདོད་པ་བསྒུལ།།
ཚོར་བའི་སྣེ་གཉིས་ཨེ་མདུད་མི་མདུད་མཐུན་པའི་བཀོད་པ་འཕྱང་མོ་ཉུག།
དུངས་ཁ་ཚ་བའི་བློ་འདྲ་སྐྱེས་སྐྱེས་མི་རིག་མིག་གི་བྱམས་པའི་རོགས།།
ད་རག་མ་ཐུག་རེག་པའི་ཁྱོད་ནི་མཛེས་པ་ནང་གི་མཛེས་པ་མངའ།།
བསོད་ཆུང་ང་དང་སྐྱིད་སྡུག་མཉམ་མྱོང་ག་ཤེད་ཅིག་གི་གནས་སུ་འབབ།།
གཞོལ་བའི་སྡུག་ཡུས་ཤུབ་བུར་སྨྲས་ཏེ་རེ་ཞིག་ང་རང་ངུ་བཞིན་མཆིས།།
རྒྱལ་མོ་རྔུལ་ཆུ་ཤག་ཤག་འབབ་པའི་རྡོ་ཀོག་སྟེང་གི་མུ་ཏོ་བ།།
གནམ་མཐའི་སྐར་ཚོམ་ཀེམ་ཀེམ་འགུལ་ན་ཕ་ཡུལ་ཟླ་བའི་འཆར་ནུབ་དྲན།།
སྨྲེང་བའི་མིད་པ་མཁྲེགས་པོར་གྱུར་ཡང་གཏམ་གྱི་མདུད་པ་ཁྱོད་ལ་མདུད།།
  • ལེ་ཚན་སྔོན་མ།: སྙན་ཚོམ།
  • ལེ་ཚན་རྗེས་མ།:ཆུང་དུས་སུ།