སྙན་ཚོམ།

ཆོས་བཞིན།        2015-06-30

དྲན་པའི་སྐྱ་བྲིས།
བསམ་བློ་བ་ཁྲི་ཕྲག་གི་སྙིང་ཁོང་ན་འཛར་བའི
དམར་དྲི་འཐུལ་བའི་ན་ཟུག་དང་གསང་བ་དག
མཚན་གཞུང་རིང་མོའི་བསྐྱར་བཟློས་ཀྱི་རྣམ་པར་མཐོང་དུས
ངས་ཅི་ཡང་མི་དྲན་པར  ང་སྟོང་འདང་གི་ཀློང་ལ་འཕྱོ
 
ཅི་ཡང་མི་དྲན་པའི་དུས་ཚིགས་དེར
མཚན་གཞུང་རིང་མོའི་བསྐྱར་བཟློས་ཀྱི་རྣམ་པ་དེ་དག
དམར་དྲི་འཐུལ་བའི་ན་ཟུག་དང་གསང་བ་ཡིན་སྟབས
བསམ་བློ་བ་ཁྲི་ཕྲག་གི་སྙིང་ཁོང་ན་ལྷོད་ཀྱིས་བཞུར
 
དུས་རབས་ཀྱི་བསམ་གཞིག
དྲག་རླུང་གིས་འཚུབ་རྒྱག་ཁྲོད་ནས 
རྔམ་ནག་གི་སྤྲིན་པ་དབྱིངས་སུ་ཡལ་དུས  
ཚེས་གསུམ་གྱི་ཟླ་བ་ཞིག  
གཉོམ་དུང་དུང་གིས་མཁའ་རུ་འཛེགས 
སྐབས་དེར་
བཟི་དྲག་པའི་ང་རང་ཚོས
དུས་ནམ་ཙམ་ལ་ཐོན་པའང་གསལ་བོ་ཤེས་ཀྱིན་མེད་་་་་
 
སེམས་ཀྱི་གླེང་མོལ།
ཁོར་ཡུག་གི་སེམས་ཅན་དེ་ཚོས  
ཅ་ཅོ་དང་འ་འུར་མེད་ན 
དོ་ནུབ་ང་རང་སྔ་ས་ནས་ཉལ་ཁོ་ཐག་ཡིན
འོན་ཀྱང  ངའི་ལྷིང་འཇགས་ཀྱི་ཁོར་ཡུག་ནས 
འུར་ཟིང་གི་འཇིགས་པ་བྱུང་ན 
ང་རང་ཡང་ཤེད་ཤུགས་ཀྱིས་ལངས་ཏེ 
ཀི་རིང་རེ་འདེབས་རྒྱུ་ཡིན  
དེའི་རྐྱེན་པས  རྩ་དོན་རེ་སྲུང་འཛིན་ཐུབ་ན  
ཁྱོད་དང་འུ་གཉིས་ཀྱིས་ངལ་སྐྱིད་པོ་རེ་གསོ་ཆོག   
 
ས་ཆེན་པོ་དང་ང་།
ང་རང་ཨུ་ཚུགས་ཀྱིས་ཡར་ལངས་ཏེ།
སྐྱོ་སྣང་གིས་ས་ཆེན་པོའི་གཡོ་འགུལ་ལ་རྒྱང་ལྟ་བྱས།
 
ངས་ས་ཆེན་པོའི་ཆགས་འཇིག་ལ་ཡུན་རིང་བལྟས་རྗེས།འཚོ་གནས་བ་དག་གིས་གཡོ་ཁྲམ་གྱིས་ང་རང་དྲན་མེད་དུ་བརྒྱལ།
 
སྐད་ཆའི་བརྗོད་བྱ།
ལོ་རྒྱུས་ཀྱི་བང་སོ་སློག་པའི་དྲང་བདེན་གྱི་འཇོར་བུ་ཞིག
མུན་ནག་དང་གྲང་ངར་གྱི་ཁྲོད་ནས་འོད་ལམ་ལམ་གྱིས
གདུག་རྩུབ་ཀྱི་སོ་ཁ་ནས་ཐོན་བྱུང
དུས་སྐབས་དེར
དཔྱིད་འགོ་མའི་རང་སྒང་ཟིན་པས
སྐྱ་རངས་ཀྱི་འོད་མདའ་དང་པོ་དེ་ཡང་གསལ་ཡོང
དེ་ནི་ཁྱོད་དང་ངའི་སྐད་ཆའི་འགོ་ཁོངས་ཡིན་སྲིད
འདི་ཕྱི་ཡི་བར་ཆོད་མེད་ན
 
གདོང་མཆོང་གི་སྤོབས་པ།
མེད་མུག་གི་ཞིང་ས་ནས
སྐྱོ་གདུང་གིས་བཏུས་པའི་ལྗང་མདོག་གི་རྨི་ལམ་གསོན་པོ
རི་ལུང་དང་ཁང་ཁྱིམ་བར་ན
ཨུ་ཚུགས་ཀྱིས་འདར་འགུལ་བྱེད་ཀྱིན་ཡོད
རྨི་ལམ་དེའི་ཚེ་སྲོག་ངོ་མ
ཕྲ་ཕུང་གི་བར་གསེང་ནས་མགོ་འབུས་ཏེ
རེ་འབྲས་ཀྱི་མིག་མདུན་དུ
ཆེས་མཐའ་མཇུག་གི་བཤམས་སྟོན་བྱེད་རྩིས་ཡོད
  • ལེ་ཚན་སྔོན་མ།:དུས་རབས་ཤིག་གི་སློང་མོ་བ། ངས་ནམ་ཡང་ཁྱེད་ཉིད་བཀུར།
  • ལེ་ཚན་རྗེས་མ།:སེམས་པའི་ཐག་ཕྲེང་དགུ་འཐོར།