རྟ་རྒྱུག་རྒྱལ་འཇོག
དགེ་རྩེ་བརྩེ་ལྡན། 2016-03-11
བུ་སྐྱེས་སྐྱེས་ཚང་མ་གེ་སར་མིན།།
རྟ་རྒྱུག་རྒྱུག་ཚང་མ་རྐྱང་རྒོད་མིན།།
གླིང་སེང་ཆེན་རྒྱལ་སྲིད་རྟ་ཡིས་བླངས།།
རྟ་དེ་ཚོ་རྟ་མགྲིན་དམར་པོ་རེད།།
གླིང་ཇོ་རིས་གསེར་ཁྲི་མནན་ན་ཡང་།།
ཕོ་རྒུ་རུ་འདམ་དུ་ལྷུང་མིན་ནམ།།
དེས་གཅིག་རྒྱལ་གཅིག་ཕམ་རང་བཞིན་མཚོན།།
ཀུན་རྒྱལ་བའི་དཔེ་ཞིག་གང་ན་ཡོད།།
དུས་དེང་སང་ཅོལ་ཆུང་རྟ་ལ་དགའ།།
གཞི་འཁོར་བ་བཙོང་ནས་རྟ་ལ་བརྗེས།།
དགུན་ས་འཁྱག་སྟེང་ནས་རྟ་རྒྱུག་བྱེད།།
རྟ་ཤི་ན་རོ་བདག་བྱ་ཁྱི་རེད།།
སྲོག་ཁྱོད་ལ་ཡོད་དེ་ཀུན་ལ་ཡོད།།
ཟས་ཁྱོད་ཀྱིས་ཟ་སྟེ་ཀུན་གྱིས་ཟ།།
ཁྱོད་རྟ་བདག་མིང་སྟོང་ཙམ་གྱིས་ཆེད།།
ཁ་བཀུག་ནས་ལྟོགས་སྡུག་མ་གཏད་རོགས།།
དུས་རྒྱུན་ཏུ་ནས་སྲན་ཆས་ཀྱིས་གསོས།།
རྒྱུག་རན་དུས་བྱང་ནག་ཐ་གུའི་གཏོང་།།
ཟོག་དུད་འགྲོའི་དཔེ་དེ་རང་ལ་ཞོག།
ཟས་ཉིན་གཅིག་བསྲན་ན་ཅི་འདྲ་རེད།།
མགོ་རྒྱ་སྲབ་ཁྲ་མོས་བཙན་གྱིས་སྒོག།
འཕོང་རྒྱ་ལྕགས་ཕྲ་བུས་ཤེད་ཀྱིས་གྲབ།།
རྟའི་དབུགས་ཐེངས་གཅིག་གིས་ཁྲི་སྟོང་སྨི།།
དཔེ་རང་རང་སྟེང་ལ་ཅུང་ཙམ་སྐོར།།
མགྱོགས་རྣ་རྩེ་ཙམ་གྱིས་སྔ་གཞུག་རྩོད།།
སྤུན་ཤ་ཉེ་བར་ལ་གྲི་མགོ་འཕུར།།
རྒྱལ་ཁ་བཏགས་ཙམ་གྱིས་ཆེ་ཆུང་རྩོད།།
མནའ་བཀའ་བསྟན་རྩམ་པ་ཟ་ཟ་རེད།།
བུ་ཆུང་ཆུང་སློབ་གྲྭའི་གླིང་ན་ཡོད།།
རྟ་ཇོ་ལུ་མ་སྐྱོན་ཨ་བུའི་སྐེ།།
མགོ་ཀླད་རྒྱ་གཏོར་ན་ཅི་བཟང་སྟེ།།
ལུས་རྐང་ལག་རྨས་ན་མི་བཟང་གི།།
རྟ་ཤ་ར་འབྲོང་གཡག་འགྱིང་འདྲ་བོ།།
རྒྱུག་བསམ་ན་རང་རང་སུ་མགྱོགས་ལྟོས།།
ལུས་བདེ་ཐང་འབྱུང་བའི་སྨན་མཆོག་གཅིག།
གོད་ཉེས་དམིགས་མེད་པའི་རིན་ཆེན་གཉིས།།