ལོ་གསར་གྱི་བཀྲ་ཤིས་སྨོན་ཚིག
སྐལ་བཟང་ཆོས་འཕེལ། 2016-03-09
བཀྲ་ཤིས་ཤོག བཀྲ་ཤིས་ཤོག
དེ་རིང་གནམ་ལ་སྐར་མ་ཡག
གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་གདུགས་ཕུབ།
དེ་རིང་བར་ལ་གཟའ་སྐར་ཡག
བར་ལ་འཇའ་ཚོན་སྣ་ལྔའི་ཟམ་པ་བཙུགས།
དེ་རིང་ས་ལ་དུས་ཚོད་བཟང་།
ས་ལ་པད་མ་འདབ་བརྒྱད་ཀྱི་གདན་བཏིང་།
བཟང་གསུམ་འཛོམ་པའི་ཉི་མ།
གཡང་གསུམ་འཁོར་བའི་ཉི་མ།
བཀྲ་ལ་ཤིས་པའི་ཉི་མ།
གཡང་ལ་ཆགས་པའི་ཉི་མ།
ལུག་ལོ་རྙིང་པ་ཕར་ལ་སྐྱེལ།
སྤྲེལ་ལོ་གསར་པ་ཚུར་ལ་བསུ།
རླབས་ཆེན་མེས་རྒྱལ་དར་ཞིང་རྒྱས།
དར་རྒྱས་ཆེ་བའི་བཀྲ་ཤིས་ཤོག
སྤུན་ཟླ་ང་དྲུག་སེམས་པ་མཐུན།
མཐུན་སྒྲིལ་ཆེན་པོའི་བཀྲ་ཤིས་ཤོག
སེར་སྐྱ་མང་ཚོགས་སེམས་རྩ་སྐྱིད།
བདེ་སྐྱིད་ལྡན་པའི་བཀྲ་ཤིས་ཤོག
ས་ཕྱོགས་ཀུན་ཏུ་འཁྲུག་རྩོད་མེད།
ཞི་འཇགས་ཆེ་བའི་བཀྲ་ཤིས་ཤོག
རྒྱལ་ཁབ་བང་མཛོད་གསེར་གྱིས་གང་།
གསེར་གྱིས་གང་བའི་བཀྲ་ཤིས་ཤོག
རྒྱལ་ཁབ་བང་མཛོད་དངུལ་གྱིས་གང་།
དངུལ་གྱིས་གང་བའི་བཀྲ་ཤིས་ཤོག
རྒྱལ་ཁབ་བང་མཛོད་གཡུ་ཡིས་གང་།
གཡུ་ཡིས་གང་བའི་བཀྲ་ཤིས་ཤོག
རྒྱལ་ཁབ་བང་མཛོད་བྱུ་རུས་གང་།
བྱུ་རུས་གང་བའི་བཀྲ་ཤིས་ཤོག
རྒྱལ་ཁབ་བང་མཛོད་འབྲུ་ཡིས་གང་།
འབྲུ་ཡིས་གང་བའི་བཀྲ་ཤིས་ཤོག
ཕ་རྒན་རབས་སྐུ་ལུས་སྲ་བར་ཤོག
མ་སྲུ་མོ་སྐུ་ཚེ་རིང་བར་ཤོག
སྟག་ཤར་ལུ་ཤེས་རིག་རྒྱས་པར་ཤོག
སྨན་བུ་མོ་གཟུགས་བྱད་མཛེས་པར་ཤོག
མི་ཡི་ལུས་ལ་ན་ཚ་མེད།
སྐུ་ཁམས་བདེ་བའི་བཀྲ་ཤིས་ཤོག
ཞིང་པའི་ཐོག་ལ་སད་སེར་མེད།
ལོ་ལེགས་ཐོབ་པའི་བཀྲ་ཤིས་ཤོག
འབྲོག་པའི་ཕྱུགས་ལ་གོད་ཁ་མེད།
ནོར་ཕྱུགས་འཕེལ་བའི་བཀྲ་ཤིས་ཤོག
ཚོང་པའི་ཚོང་ལ་གྱོ ང་གུད་མེད།
ཚོང་ལམ་རྒྱུག་པའི་བཀྲ་ཤིས་ཤོག
འདོད་ཡོན་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག
བསམ་དོན་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག
བཀྲ་ལ་ཤིས་པར་ཤོག
གཡང་ལ་ཆགས་པར་ཤོག
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།
ཨེ་མ་བག་དྲོ་སྐུ་ཁམས་བཟང་།
གཏན་དུ་བདེ་བ་ཐོབ་པར་ཤོག