བྱང་ཐང་།༼ཞར་བཀོད་གཅིག ༽

དབལ་ཤུལ་རང་བྱུང་།        2015-03-31

ས་ཆེན་གྱི་བྲང་ཁོག་འཁོར་སྟངས་ཤིག་གམ།
ཡང་ན་ཟླ་འོད་ཀྱི་བསིལ་གྲིབ་གཡོ་སྟངས་ཤིག
གཤོག་ཡ་ཆད་པའི་ནམ་མཁའ་སྐྱ་འཐིབ་ཅིག
ངའི་མགོ་ཐོག་ན་ཤུམ་ཤུམ་དུ་ངུ་།
 
ཨ་ཐང་ཆད་པའི་རྒྱ་མཚོ་རེ་རེ།
གངས་ཀྱི་ཡ་ཁོག་ན་གཉིད་དུ་ཡུར།
 
ལྷ་འདྲེ་མང་པོས་འཚང་ཁ་རྒྱག་པའི་བྱེ་ཐང་དེར།
རླུང་བུ་ཡན་པོ་རེ་ནངས་ནུབ་ཏུ་ལྡང་ཡོང་།
ཕ་མེས་ཚོའི་དུར་ཁུང་སྟོང་བ་དག་ཀྱང་།
ས་མཐའ་ན་འགྲེང་བའི་བདག་མེད་ཀྱི་ཐོ་ཡོར་རེ་དང་འདྲ།
 
༼ལྷོ་མཐའི་སྨྲེང་སེམས།༽
གནམ་སའི་བར་སྟོང་དུ་འཐིམ་ལ་ཉེ་བའི་སྨུག་པ་ཡུག་གཅིག
འཐོར་རླུང་གིས་ཡང་ཡང་གཙེས་ཏེ་ལྷོ་མཐའི་རི་སྐེད་ལ་གཏོར།
བྱེའུ་ཁྱུ་སྐོར་འཕུར་གྱི་གཤོག་སྒྲ་ཞིག་གིས།
སྒེའུ་ཁུང་ཕྱི་ངོས་ཀྱི་རྡུལ་བ་བྱེ་མར་སྤུར།
 
ལོ་མའི་ངོ་གདོང་ལ་སེར་ཐིག་བབས་པའི་ནམ་ཟླ་སྐྱ་བོ།
ཁྲུང་ཁྲུང་བསྟར་ཕྲེང་གི་གྱེས་བརྡ་རྒྱང་དུ་འཇགས་དུས།
རླུང་བུ་བསིལ་བསིལ་གྱིས་བྱིལ་བའི་བདག་གི་སྐྲ་ལོ།
མིག་ཆུ་སབ་སོབ་ཀྱིས་བརླན་པའི་བདག་གི་སེམས་པ།
 
གནའ་བོའི་དབྱངས་རྟ་ལ་བསྐྱོན་པའི་འཇག་མའི་སྨྲེང་གླུ་སྐྱུར་བོ།
ས་སྲོས་ཀྱི་གས་སྲུབས་ནས་ཆས་ཏེ་མཚན་མོའི་མལ་སྟན་དུ་སིམ།
ཚེས་རུ་ལྡོམ་པོ་ཞིག་མཁའ་མཐའ་ན་འདར་སིག་སིག་གིས།
མར་མེའི་འོད་སྣང་གི་འཇིག་རྟེན་ལ་རྒྱང་ལྟ་བྱེད།
 
ལྷོ་མཐའི་གྲུ་ཁུག་ཅིག་ན།
ང་རང་ཁེར་རྐྱང་དུ་ལུས།
ཕ་ཡུལ་དྲན་སོང་།ཕ་མ་དྲན་སོང་།
  • ལེ་ཚན་སྔོན་མ།:ལས་སྣང་ངུ་བའི་སྒྲ། རྨི་ལམ་འཁྲུལ་བའི་རྒྱུ།
  • ལེ་ཚན་རྗེས་མ།:སྙིང་གཏམ་གསེར་གྱི་ཡང་ཞུན།