ལས་སྣང་ངུ་བའི་སྒྲ། རྨི་ལམ་འཁྲུལ་བའི་རྒྱུ།
དབལ་ཤུལ་རང་བྱུང་། 2015-03-31
སྤྲིན་པ་སྐྱ་བོའི་ཁོག་ནས་ཆར་བ་དམར་པོ་ངུ་།།
ངུ་བའི་འཁུན་སྒྲ་སྐྱུར་བོ་གློག་གིས་ཧྲིག་ཧྲིག་འཆའ།།
འཆའ་བའི་མཆེ་བ་དེའང་གནམ་སའི་ཁ་ལ་སྐྱེ།།
སྐྱེ་བ་འདི་ཞེས་དམོད་པ་ལྷ་འདྲེ་མི་གསུམ་རེད།།
ད་ནི་སྐར་མ་ལྗང་ནག་གང་ནས་འཆར་ནའང་།།
ཚོར་བ་གདུ་བའི་དུག་ཁུ་དམར་སེར་ཕྱི་ལ་འཕྱུར།།
ཁ་ཆར་ཁྲོད་ཀྱི་རྣམ་ཤེས་ཐེད་པོ་ཁྱི་ཡིས་འཆོས།།
སུ་ཡིས་མ་ཚོར་དམྱལ་བའི་ཡུལ་ན་འཁྱམ་འདུག་སྐད།།
མེད་པོ་རེ་འགའ་སྲང་ན་འདུར་བའི་འཚོ་སྟངས་དེ།།
མེས་པོའི་རལ་བའི་གསེབ་ཏུ་འཚང་བའི་ཤིག་རེད་ཟེར།།
ཅེ་སྤྱང་རྔ་ནག་ཉིན་སྲིབ་ཉུལ་བའི་རྗེས་ཤུལ་ནི།།
ཁྲག་རྩའི་རླངས་པ་ཕྱི་ལ་འཐུལ་བའི་གཟུགས་རེད་ཟེེར།།
གྱད་ཀྱི་མི་ཕོ་སྟོབས་ཀྱིས་འགྱིང་བའི་ཉམས་དག་ནི།།
ཚོན་མང་བསྐུས་པའི་རི་མོ་དག་ལས་མྱོང་ཐབས་མེད།།
སེམས་ལ་སྦས་པའི་སྐར་ཕྲན་རྡོག་གཅིག་གང་ལ་བོར།།
སྨིན་དྲུག་ཚང་ནས་བསློགས་དོན་དེའང་འདི་ལ་ཐུག།
བཟི་བོའི་སྐད་ཆ་ནག་པོ་རླུང་གི་ཁ་རུ་ལྡང་།།
གནམ་མཐའི་སྨེང་སྐྱོ་གླེང་བ་མཚན་མོའི་སྨག་ལ་ཞ།།
རི་བོ་རེ་རེ་དམྱལ་བའི་མེ་ལ་འབར་བ་དེ།།
གཟུགས་མེད་རྣམ་ཤེས་མཐོ་རིས་ས་ལ་གཤེགས་ཚུལ་ཞིག།
དབྱངས་རྟ་བྲེལ་བའི་སེམས་གཞས་ཁ་མོ་བསེར་བུས་བསྒུལ།།
སྣང་བའི་རླབས་སུ་མཆི་མའི་ཟེགས་མ་ཡང་ཡང་གཡོ།།
ངུ་ངག་ཐང་ལ་ཤོར་བའི་ལས་སྣང་མོག་པོ་ཡ།།
རྨི་ལམ་འཁྲུལ་བའི་འཆིང་ཐག་ཁྲ་མོ་ལྷོད་ཅིག་ཀྱེ།།