ཀ་སོགས་དབྱངས་གསལ་སོ་བཞིའི་གདངས་སྙན་འགྲིན་པའི་རྒྱན་དུ་ཉེར་བཀོད་ནས།།
ཁ་བ་གངས་རིའི་འབྱུང་འགྱུར་རེ་སྨོན་རུམ་གང་ཁུར་བའི་གཅེས་ཕྲུག་ཚོ།།
ག་སར་མ་གཡེང་ཡིད་ཀྱི་གླང་བོས་དར་ཅིག་བདག་ལ་སྙན་གསོན་དང་།།
ང་ཡི་མ་བཅོས་སེམས་ཀྱི་རང་མདངས་རེ་ཁཱའི་ཟོལ་གྱིས་ཁྱོད་ལ་འབུལ།།
ཅ་ཅོ་འདུ་འཛི་དོན་མེད་ལུང་གཏམ་འགོ་བའི་ནད་བཞིན་རྒྱང་བསྲིངས་ལ།།
ཆ་ལུགས་ཕྱི་ཚུལ་བག་ཡོད་དང་བཅས་དྲིན་ལྡན་བཤེས་ཀྱི་ལམ་སྟོན་འོག།
ཇ་ལོ་བཞིན་དུ་འཁུམས་ནས་མ་འདུག་གངས་ལྗོངས་ཤེས་རིག་རྒྱས་པའི་མཚོར།།
ཉ་ཆུང་གསེར་མིག་འཁྱུག་པའི་སྟབས་ཀྱིས་རྣམ་དཔྱོད་རྐྱལ་རྩལ་ངོམ་རན་རེད།།
ཏ་ཧུང་གོས་ཆེན་ཟས་ནོར་འཛོམས་ཀྱང་མི་རྟག་མི་བརྟན་ནམ་མཁའི་གློག།
ཐ་ཆད་སྒྱུ་མའི་ལྟད་མོར་རོལ་བ་རྙེད་དཀའི་མི་ཚེ་བརླག་པའི་གཞི།།
ད་ནི་ལང་ཚོའི་འདབ་ཕྲེང་མཛེས་ཤིང་རིག་པའི་ཟེ་འབྲུ་རྒྱས་དུས་འདིར།།
ན་མཉམ་དགེ་བའི་གྲོགས་དང་བསྡོངས་ནས་བརྩོན་པའི་གོམ་སྟབས་མ་ལྷོད་ཅིག།
པ་སངས་མདངས་ལས་ལྷག་བསམ་དཀར་བའི་དགེན་གྱི་བསླབ་བྱ་སྙིང་ལ་ཟུངས།།
ཕ་མས་གནང་བའི་རེ་བ་གསོན་པོ་དྲན་པ་དམར་པོའི་སྲོག་ལ་ཆོངས།།
བ་ཕྱུགས་དུད་འགྲོའི་སྤྱོད་ངན་སྤངས་ཏེ་ཡ་རབས་ལས་ལ་འཇུག་མཛོད་དང་།།
མ་ལུས་སེམས་ལྡན་འགྲོ་བ་ཡོངས་ཀྱིས་བསྟོད་པའི་མེ་ཏོག་ཁྱོད་ལ་འཐོར།།
ཙ་རི་དབེན་པར་སྒྲུབ་ལ་བརྩོན་པའི་མི་ལ་ལྟ་བུའི་སྙིང་སྟོབས་གཅིག།
ཚ་གྲང་དཀའ་སྡུག་རི་བོ་ཐེག་པའི་ས་གཞི་ལྟ་བུའི་དཀའ་ཐུབ་གཉིས།།
ཛ་ཧུའི་བུ་མོའི་འབབ་རྒྱུན་དང་མཚུངས་རྒྱུན་ཆད་མེད་པའི་བརྩོན་འགྲུས་གསུམ།།
ཝ་ལེར་དྲན་འཛིན་རྡོ་ལ་རྐོས་དང་མ་འོངས་མཁས་དགུའི་ཁྲི་ལ་དབང་།།
ཞ་ལོང་འོན་ལྐུགས་སྐྱོན་གྱིས་མ་གོས་དབང་པོ་སྒོ་ལྔ་ཀུན་ནས་ཚང་།།
ཟ་འཐུང་སྐྱིད་འདོད་ལེ་ལོ་བྱས་ན་དུད་འགྲོ་ཕག་དང་ཁྱད་ཅི་ཡོད།།
འ་འུར་ཟང་ཟིང་ཁོ་ནར་མ་ཞེན་མི་ཚེའི་མདུན་ལམ་ངང་གིས་ཤོར།།
ཡ་རབས་མི་ཡི་སྤྱོད་ཚུལ་སྐྱོངས་དང་ཀུན་དང་མཐུན་པའི་རྩ་བ་ཡིན།།
ར་ལྟར་གྱོང་བའི་ཨུ་ཚུགས་ཁོ་ནས་བྱ་བའི་ལས་ཀྱི་མཐར་མི་ཕྱིན།།
ལ་ལུང་གང་སར་ཁྱི་བཞིན་ཉུལ་ཡང་འཇོན་ནུས་མེད་ན་ཀུན་གྱིས་བརྙས།།
ཤ་མར་ཟས་རིགས་ལོངས་སྤྱོད་འཛོམས་ཀྱང་ཤེས་བརྩོན་དོར་བ་རྨོངས་རྟགས་ཡིན།།
ས་སྟེང་མི་རུ་ཐེངས་གཅིག་སྐྱེས་པ་དོན་མེད་མ་གཏོང་ཨ་མའི་བུ།།
ཧ་ཅང་གོ་སླའི་ཚིག་གིས་བྲིས་པའི་སྙིང་གཏམ་གསེར་གྱི་ཡང་ཞུན་འདི།།
ཨ་ཉོག་ཁྱོད་ཚོར་གྱེས་ཁའི་རྫོངས་པར་མི་རྒན་ང་ཡིས་སྐྱེས་སུ་བཏེགས།།
ཧ་ལམ་ཡང་ཡང་འཕྲད་པར་དཀའ་ཡང་ཕན་པའི་བསླབ་བྱ་འདི་ལས་མེད།།
ཨ་རོགས་མ་བརྗེད་སེམས་ལ་ཟུངས་ཤིག་གང་ལྗོངས་ཁ་བའི་བདག་པོ་ཚོ།།